ཟླ་གཉིས་པའི་ཚེས་བཅུ་ཉིན། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་སྟེང་སྨན་བཅོས་འགན་སྲུང་ཕྱོགས་ཀྱི་འཕྲིན་བཟང་བསྟུད་མར་བསྒྲགས་བྱུང་། ད་ལོར། སྨན་བཅོས་འགན་སྲུང་བྱ་བ་དེ་མི་དམངས་དཀྱིལ་སྙིང་ཡིན་པ་དང་། བྱ་བའི་གཙོ་གནད་ལྔ་ཡི་འགན་སྲུང་བྱ་བ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་འགན་སྲུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བའི་ངོས་ནས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དེ་ཞིང་ཆེན་རིམ་པ་ནས་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ལས་བཟོ་བའི་སྨན་བཅོས་འགན་སྲུང་ལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། ནད་ལྕི་མོའི་རིགས་ཀྱི་སྨན་བཅོས་འགན་སྲུང་དང་རོགས་སྐྱོར་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབ་བྱས་ཏེ། མང་ཚོགས་ལ་ནད་ལྕི་མོ་ཕོག་པའི་དབང་གིས་འཚོ་བར་ཤུགས་རྐྱེན་ཐེབས་སུ་མི་འཇུག་པར་ཁག་ཐེག་བྱེད་རྒྱུ་རེད། བྱིས་པ་གསོ་བའི་སྨན་བཅོས་རིན་དངུལ་འགན་སྲུང་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར། བྱིས་པ་སྐྱེས་པའི་རོགས་དངུལ་ཁ་གསབ་སྲིད་ཇུས་དེ་གཅིག་གྱུར་ཚད་ལྡན་དུ་བཏང་སྟེ། བྱིས་པ་སྐྱེས་རྗེས་ལུགས་མཐུན་མིན་པར་རིན་དངུལ་ལེན་པའི་སྣང་ཚུལ་ལ་བཀག་འགོག་བྱེད་རྒྱུ་ཡིན་པ་དང་། ལས་ཀ་འགྱུར་སླ་བའི་མི་སྣ་དག་བྱིས་པ་སྐྱེས་པའི་འགན་སྲུང་ཁྱབ་ཁོངས་སུ་འཇོག་རྒྱུ་རེད།
སྨན་བཅོས་འགན་སྲུང་གཏོང་སྤྲོད་རྣམ་པ་ལ་སྒྱུར་བཅོས་བྱས་ནས། རྒྱལ་ཁབ་ཀྱི་དུས་མཚམས་རེ་བ་ལྟར་བྱ་བ་སོ་སོའི་ལས་འགན་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་ནས། ལོ་ཧྲིལ་བོར་ཞག་སྡོད་སྨན་བཅོས་ཞབས་ཞུ་ལས་ཁུངས་ཀྱི་ཁེབས་ཚད་བརྒྱ་ཆའི་བདུན་ཅུར་སླེབས་པར་བྱེད་པ་དང་། ནད་རིགས་བརྒྱ་ཆའི་བརྒྱད་ཅུ་ལྷག་ལ་ཁེབས་པར་བྱེད་རྒྱུ་ཡིན་ལ། སྨན་བཅོས་འགན་སྲུང་མ་དངུལ་གཏོང་སྤྲོད་ཀྱི་ཚད་བརྒྱ་ཆའི་ལྔ་བཅུ་ལ་སླེབས་སུ་འཇུག་རྒྱུ་རེད།
སྨན་རྫས་རྒྱུ་ཆ་བསྡུ་བའི་བྱ་བ་གཏིང་ཟབ་སྒོས་སྒྱུར་བཅོས་བྱས་ནས། སྨན་རྫས་རྒྱུ་ཆ་བསྡུ་བའི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་། གསར་དུ་ཆོག་མཆན་བཀོད་པའི་རྒྱལ་ཁབ་རྩ་འཛུགས་དང་ཞིང་ཆེན་ཡོངས་ཀྱི་མཉམ་འབྲེལ་སྨན་སྣ་བསྡུ་བའི་རྗེས་ཆོད་པར་བྱས་ནས། ཞིང་ཆེན་རིམ་པ་ནས་གཅིག་བསྡུས་སྨན་རྫས་རྒྱུ་ཆ་བསྡུས་ནས། གྲོས་མཐུན་དུས་ཡུན་ལོངས་ན་མུ་མཐུད་དུ་གན་རྒྱ་བཞག་ནས། སྨན་རྫས་རྒྱུ་ཆ་བསྡུ་བའི་བྱ་བ་དངོས་འབེབས་ལེགས་པོ་བྱས་ཏེ། ཞིང་ཆེན་ཡོངས་སུ་སྨན་རྫས་བསྡུ་བའི་ཚད་བསྡོམས་རྩིས་བྱས་ན་དྲུག་བརྒྱའི་ཡན་དུ་སླེབས་པར་བྱེད་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།