མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་སྔ་གཞུག་ཏུ་མཚོ་ལྷོ་ཁུལ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་ཁོངས་གཏོགས་ཀྱི་རྫོང་ཁག་ལྔ་དང་། རྨ་ལྷོ་ཁུལ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་ཁོངས་གཏོགས་ཀྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་དང་ཞོན་ཧྭ་རྫོང་སོགས་ས་ཁུལ་དང་ལས་ཁུངས་སུ་སྐོར་ཞིབ་ཚན་ཆུང་བཅའ་སྡོད་བྱེད་པ་ཡོངས་འགྲུབ་བྱས་ནས་བྱ་བ་སྤེལ་མགོ་བརྩམས།
སྐོར་ཞིབ་བྱེད་སའི་ས་ཁུལ་དང་ལས་ཁུངས་ཀྱིས་སོ་སོས་སྐོར་ཞིབ་ཚན་ཆུང་གི་བཅའ་སྡོད་སྐུལ་སློང་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ནས་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་སྐུལ་སློང་གཏམ་བཤད་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐབས་བཅུ་བཞི་བའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློབ་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱས་ནས། སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབས་པའི་ཐད་རེ་བ་བཏོན་ཡོད།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔས་སྐོར་ཞིབ་བྱེད་སའི་ས་ཁུལ་དང་ལས་ཁུངས་སུ་ཟླ་ངོ་གསུམ་ལ་བྱ་བ་བྱེད་རྒྱུ་ཡིན་ཞིང་། སྐོར་ཞིབ་སྐབས་སུ་ཆེད་སྤྱོད་ལས་རེས་ཁ་པར་དང་སྦྲགས་སྲིད་ཡིག་སྒམ། བཤེར་རིས་བཅས་ཀྱི་ཞུ་གཏུག་སྟེགས་བུ་བཀོད་སྒྲིག་བྱས་ཡོད་པ་དང་། གཙོ་བོ་སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཆུང་གི་འགན་ཁུར་བ་གཙོ་བོ་དང་ལས་གནས་གཙོ་བོའི་མགོ་ཁྲིད་ལས་བྱེད་པའི་གནད་དོན་སྐོར་གྱི་འཕྲིན་ཡིག་དང་ཁ་པར་སྣེ་ལེན་ཐག་གཅོད་བྱེད་རྒྱུ་ཡིན་ལ། གཙོ་བོ་ཆབ་སྲིད་སྒྲིག་ལམ་དང་འགལ་བ་དང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བ། རྩ་འཛུགས་སྒྲིག་ལམ་དང་སྤྱོད་གཙང་སྒྲིག་ལམ། མང་ཚོགས་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ལ་འགལ་བ་སོགས་ཐད་ཀྱི་ཞུ་གཏུག་དང་ཡར་ཞུ་གནད་དུ་བཟུང་ཡོད་པ་རེད།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དག་སྐོར་ཞིབ་ལྟ་རྟོག་ནང་ཞུགས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་གསར་བསྐྲུན་བྱེད་པ་དང་། ཤུགས་ཆེན་པོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྟོབས་ཤུགས་འབུལ་བར་དགའ་བསུ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།