ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དགེ་སློབ་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སློབ་རར་ལོག་པར་འགན་སྲུང་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བྱེད་ཐབས་སྣ་མང་སྤྱོད་པ་དང་སྔོན་ལ་འཆར་འགོད་བྱེད་པ། བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་སློབ་སྐབས་གསར་པའི་སློབ་རའི་བདེ་སྲུང་བྱ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
སློབ་གྲྭ་ཚོགས་མགོ་མ་བརྩམས་པའི་སྔ་རྗེས་ཀྱི་དུས་རིམ་གཉིས་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་རྒྱུན་རྣམ་ཅན་གྱིས་སློབ་རར་སྲུང་སྐྱོབ་བྱེད་པ། མཐའ་འཁོར་བཅོས་སྐྱོང་དང་འགལ་བ་ཐག་གཅོད། བཅའ་ཁྲིམས་དྲིལ་སྒྲོག་བཅས་ལས་འགན་གཙོ་བོ་ལྔ་ལ་དམ་པོར་དམིགས་ནས་སློབ་རའི་བདེ་སྲུང་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབས།
སློབ་མགོ་མ་བརྩམས་པའི་སྔོན་ལ། རྫོང་དང་ཆུའུ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོ་སྡེ་ཁག་དང་མཉམ་དུ་སློབ་རའི་བདེ་འཇགས་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱ་བ་སྤེལ་ནས་སློབ་གྲྭའི་ནང་ཁུལ་གྱི་བདེ་འཇགས་ཉེན་ཁ་སུམ་བརྒྱ་ང་གསུམ་མེད་པར་བཟོས། སློབ་རའི་བདེ་སྲུང་མི་སྣ་སྟོང་བཞི་དང་དྲུག་བརྒྱ་བཅུ་བཞི་ལ་རྩལ་ནུས་སྦྱོང་བརྡར་དང་དངོས་འཐབ་འཁྲབ་སྦྱོང་བྱས་ནས་ཉེན་འགོག་ནུས་མཐོར་འདེགས་སུ་བཏང་། སློབ་གྲྭའི་མཐའ་འཁོར་གྱི་གྲི་ཆས་ཚོད་འཛིན་དང་གློག་རྡུལ་དུ་བ་སོགས་དངོས་རྫས་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་གྲྭའི་མཐའ་འཁོར་གྱི་ཁོར་ཡུག་བདེ་འཇགས་ལ་འགན་སྲུང་བྱས།
སློབ་མགོ་བརྩམས་རྗེས། རྒྱུན་རྣམ་ཅན་གྱི་སློབ་ར་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ། སློབ་ར་སྲུང་སྐྱོབ་ལས་གནས་སྟོང་གསུམ་དང་ཞེ་བཞི་བཙུགས་པ་དང་། སྤྱི་བདེ་ལས་རོགས་ཉེན་རྟོག་པ་དང་སློབ་གྲྭའི་སྲུང་སྐྱོབ་སྟོབས་ཤུགས། ཁྱིམ་བདག་དང་བླངས་པ་སོགས་མཉམ་བསྲེས་བྱེད་པའི་སློབ་ར་སྲུང་སྐྱོབ་བྱེད་ཐབས་གསར་པ་སྤྱད་དེ་སློབ་གྲྭའི་མཐའ་འཁོར་གྱི་སྐོར་ཞིབ་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནས་དགེ་སློབ་ཀྱི་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།