ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། རང་ཞིང་གིས་མུ་མཐུད་དུ་སྡེ་བ་ཉིས་བརྒྱ་བདམས་ནས་སྐོར་ཐེངས་གསུམ་པའི་གྲོང་གསེབ་དར་སྤེལ་ཚོད་ལྟ་སྤེལ་རྒྱུ་ཡིན་པ་དང་། ཞིང་སྡེ་རུ་ཧ་ལམ་དེང་རབས་འཚོ་བའི་ཆ་རྐྱེན་ལྡན་པར་བྱེད་པ་དམིགས་འབེན་དུ་བྱས་ནས། ས་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིབ་སྡེ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བཟང་བོ་བྱས་ནས། ཞིང་སྡེའི་ཁོར་ཡུག་བསྒྱུར་བཀོད་བྱེད་པ་དང་། འཆམ་མཐུན་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རེད།
ན་ནིང་། རང་ཞིང་གིས་སྡེ་བ་ཉིས་བརྒྱ་རུ་གྲོང་གསེབ་དར་སྤེལ་ཚོད་ལྟ་སྤེལ་བ་དང་། སྡེ་བའི་འཆར་འགོད་སྒྲིག་བཟོ་བྱས་ལ། ལས་གཞིའི་མ་དངུལ་གཅིག་བསྡུས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ལག་བསྟར་བྱས་ནས། ཐུན་རིན་གྲོང་ཁྱེར་གྱི་ཁྱད་ལྡན་སྡེ་བ་དང་ཏུའུ་ལན་རྫོང་ལམ་རྒྱུད་དཔལ་འབྱོར་སོགས་མཚོན་བྱེད་རང་བཞིན་ལྡན་པ་དང་ཡང་བསྐྱར་བཀོལ་ཆོག་པ། ཁྱབ་གདལ་དུ་བཏང་ཆོག་པའི་གྲོང་གསེབ་དར་སྤེལ་གྱི་ཉམས་མྱོང་མ་དཔེ་གྲུབ་པར་བྱས། དེ་མ་ཟད་འགན་སྲུང་གསུམ་དང་བདེ་འཇགས་བཏུང་ཆུ་གཙོ་གནད་དུ་བྱས་པ་དང་། ལས་རིགས་སྡེ་ཁག་གི་སྟོབས་ཤུགས་ལ་གཅིག་འདོམས་བྱས་ལ། དམངས་ཚིས་ཞན་ཆ་ཁ་གསབ་བྱས་ཏེ། དབུལ་ཐར་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཁྲོད་ཞུགས་ཚད་དང་ལོ་ཚད་ལོངས་པའི་བྱིས་པའི་སློབ་ཞུགས་ཚད། བདེ་འཇགས་སྡོད་ཁང་འགན་སྲུང་ཚད་དང་བདེ་འཇགས་བཏུང་ཆུའི་མཁོ་འདོན་ཚད་བཅས་ཀྱི་འགུལ་རྣམ་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་གཞིའི་སྟེང་རྒྱུན་འཁྱོངས་བྱེད་ཐུབ་པར་བྱས།
ད་ལོར། རང་ཞིང་གིས་མུ་མཐུད་དུ་སྡེ་བ་ཉིས་བརྒྱ་བདམས་ནས་སྐོར་ཐེངས་གསུམ་པའི་གྲོང་གསེབ་དར་སྤེལ་ཚོད་ལྟ་སྤེལ་བ་དང་། མཐོ་སྒང་གི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས། ཞིང་སྡེའི་དག་གཙང་ནུས་ཁུངས་ཁྱབ་གདལ། ལོ་རྒྱུས་རིག་གནས་ཀྱི་སྡེ་བ་མིང་གྲགས་ཅན་སྲུང་སྐྱོབ། གྲངས་ཀའི་གྲོང་གསེབ་འཛུགས་སྐྲུན་སོགས་ལས་གཞི་དང་ཟུང་འབྲེལ་བྱེད་པ། ཕྱོགས་སོ་སོའི་ཐོན་ཁུངས་གཅིག་བསྡུས་བྱེད་པ་དང་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་བ། ས་ཞིང་དང་མ་དངུལ། ལག་རྩལ། ཤེས་ལྡན་མི་སྣ་སོགས་རྒྱུ་རྐྱེན་གཙོ་བོའི་བཀག་སྡོམ་མེད་པར་བྱས་ཏེ། འཛུགས་སྐྲུན་གྱི་མཉམ་ཤུགས་གྲུབ་པར་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཆུ་གློག་འཕྲིན་དྲ་དང་འཁྱག་ཐག་དངོས་སྐྱེལ། གྲངས་ཀའི་གྲོང་གསེབ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མྱུར་དུ་སྤེལ་བ་དང་། མཐུན་སྦྱོར་ངང་རོང་འབྲོག་ཁུལ་རིམས་འགོག་དང་རྒན་གསོ། སློབ་གསོ། སྨན་བཅོས་སོགས་སྤྱི་ཐུན་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། སྦྲེལ་མཐུད་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་སྡེ་བ་རིམ་པའི་རིགས་ཆུང་བའི་སྤྱི་ཕན་རང་བཞིན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱས་ནས། འཚོ་བར་སྟབས་བདེ་བསྐྲུན་པ་མ་ཟད་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བའི་ལས་གཞི་གཙོར་བཟུང་ནས་འཛུགས་སྐྲུན་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།