
ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཆེད་མངག་པའི་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རང་ཞིང་གིས་ཚན་རྩལ་མི་སྣ་སྟོང་གདམ་མངག་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྫོང་སོ་དགུ་རུ་ཚན་རྩལ་ཆེད་མངག་པའི་ལས་སྒྲུབ་ས་ཚིགས་བརྒྱ་དང་གཉིས་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་རྫོང་སོ་སོའི་ཚན་རྩལ་ཆེད་མངག་པའི་ཞབས་ཞུ་ཡོངས་སུ་ཁེབས་པར་བྱས།
2022ལོར་ཚན་རྩལ་པུའུ་ཡིས་ཚན་རྩལ་ཆེད་མངག་པའི་ཚོད་ལྟའི་བྱ་བ་སྤེལ་བ་དང་། རང་ཞིང་སྐོར་དང་པོའི་ཚོད་ལྟའི་ཞིང་ཆེན་གྲས་ཀྱི་གཅིག་ཏུ་གྱུར། ལོ་ངོ་ཉི་ཤུའི་རིང་ལ། རྒྱ་ཆེའི་ཚན་རྩལ་ཆེད་མངག་པས་དཀའ་ཁག་ལ་མི་འཛེམ་པར་ཞིང་ཁ་དང་རྩྭ་ཐང་དུ་སོང་ནས། ཚན་རྩལ་གཞི་རིམ་དུ་སྐྱེལ་བ་དང་ཚན་རྩལ་གྲུབ་འབྲས་སྤོ་བསྒྱུར་བྱས་ཏེ། ནུས་པ་གལ་ཆེན་འདོན་སྤེལ་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་ལས་སྒྲུབ་ས་ཚིགས་བརྒྱ་དང་གཉིས་བཙུགས་པ་དང་། ཁེ་ལས་དང་མཉམ་ལས་ཁང་བརྒྱ་ལྷག་དང་འབྲེལ་མཐུད་བྱས་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག རྫོང་སོ་དགུ་རུ་ཚན་རྩལ་ཞབས་ཞུ་བྱ་བ་སྤེལ།
ད་ལོར། ཞིང་ཆེན་ཚན་རྩལ་ཐིན་གྱིས་ཚན་རྩལ་ཆེད་མངག་པའི་ལས་སྒྲུབ་ས་ཚིགས་ཀྱི་འཛུགས་སྐྲུན་རྒྱ་སྐྱེད་གཏོང་བ་དང་། ཞན་ཆ་ཁ་གསབ་བྱེད་པ་དང་ཐོན་ལས་ཀྱི་རྒྱབ་སྐྱོར་ཇེ་དྲག་ཏུ་གཏོང་བ། འཛུགས་སྐྲུན་བྱས་པའི་ལས་སྒྲུབ་ས་ཚིགས་དེ་རིམ་པ་བཞིན་ཚན་རྩལ་ར་སྐོར་རུ་བསྒྱུར་བ་བཅས་བྱས་ནས། ཚན་རྩལ་ཁྱབ་གདལ་དང་གསར་གཏོད་བྱེད་པའི་ཐད་དཔེ་ལྟ་བྱེད་ཆོག་པ་དང་ཡང་བསྐྱར་བཀོལ་ཆོག་པའི་མ་དཔེ་གསར་བ་འདོན་སྤྲོད་རྒྱུ་རེད། ཚན་རྩལ་ཆེད་མངག་པའི་དཔྱད་ཞིབ་དམིགས་ཚད་མ་ལག་དང་དཔྱད་ཞིབ་བྱ་བའི་རྒྱུད་རིམ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་མངག་པའི་ཞབས་ཞུ་དང་དོ་དམ་སྟེགས་བུའི་ཉིན་རྒྱུན་གྱི་དོ་དམ་དང་ཚན་རྩལ་ཞབས་ཞུ། དཔྱད་ཞིབ་བརྟག་བཤེར་གྱི་ནུས་པ་འཐུས་ཚང་དུ་བཏང་ནས། དཔྱད་ཞིབ་བྱ་བའི་དོ་དམ་ལ་ཤུགས་སྣོན་ཡིན་པ་དང་། ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་འབྲེལ་བྱས་ནས་ཁུལ་གསུམ་གྱི་ཤེས་ལྡན་མི་སྣ་དང་ཚན་རྩལ་མི་སྣའི་ཆེད་དོན་འཆར་གཞི་བྱ་བའི་གྲོན་དངུལ་གྱི་བཀོལ་སྤྱོད་དོ་དམ་ལེགས་བསྒྱུར་བྱས་ཏེ། མ་དངུལ་བཀོལ་སྤྱོད་ཀྱི་ལྟ་སྐུལ་ཞིབ་བཤེར་ཐད་ཤུགས་སྣོན་རྒྱུ་རེད།
དེ་དང་མཉམ་དུ། ཞིང་ཆེན་ཚན་རྩལ་ཐིན་གྱིས་ཚན་རྩལ་ཆེད་མངག་པའི་གནས་མང་ཞབས་ཞུ་ཚོད་ལྟ་སྤེལ་བ་དང་། འོས་འཚམ་གྱི་གསོ་སྦྱོང་འཆར་གཞི་གཏན་འབེབས་བྱེད་པ། ཚན་རྩལ་ཆེད་མངག་པའི་ལག་བསྟར་ནུས་པ་མཐོར་འདེགས་བཏང་སྟེ། ཚན་རྩལ་ཆེད་མངག་པའི་ལས་སྒྲུབ་ས་ཚིགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།