ཡུས་ཧྲུའུ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ།
2023.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་བོར་གྲུབ་འབྲས་བཟང་བོ་ལེན་པ་དང་། འཛད་སྤྱོད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཛད་སྤྱོད་བསྐྱར་འཕར་ལ་ཡར་སྐུལ་བྱེད་པ། བོད་ཀྱི་ལོ་སར་ཐོན་ལ་ཉེ་བའི་དུས་སྐབས་བཟང་བོ་དམ་འཛིན་བྱེད་ཆེད། ཡུས་ཧྲུའུ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ཁུལ་ཡོངས་ཀྱི་བྱ་འགུལ་ཐོག་མ་དེ་ཡུས་ཧྲུའུ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས།

བྱ་འགུལ་མ་སྤེལ་པའི་སྔོན་ལ། རིམ་པ་སོ་སོའི་བཟོ་ལས་དང་ཆ་འཕྲིན་ཚོང་དོན་ལས་ཁུངས་ཀྱིས་དུས་ཆེན་གྱི་ཚོང་རའི་མཁོ་འདོན་འགན་སྲུང་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ཚོང་ར་དང་ཚོང་གཉེར་ཁྱིམ་ཚང་སོགས་ཀྱིས་ཚོང་རྫས་གསོག་འཇོག་དང་བདག་གཉེར་གནས་ཚུལ། ཚོང་རྫས་སྣ་ཁ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པའི་འཚོ་བའི་མཁོ་རྫས་འདོན་སྤྲོད་བྱས་ནས། དུས་ཆེན་སྐབས་སུ་ཚོང་རྫས་འདོན་སྤྲོད་བྱས་པ་བཟང་ཞིང་ཚོང་རྫས་ཀྱི་སྣ་ཁ་མང་བ།  རིན་གོང་བརྟན་འཇགས་ཡིན་པ་བཅས་ལ་འགན་སྲུང་བྱས།

ཐེངས་འདིའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་སྐབས། སྡོད་དམངས་ལ་འཛད་སྤྱོད་འཛིན་ཤོག་སྟེར་བ་དང་གོང་གཅོག་པ། འཛད་སྤྱོད་བྱེད་འབོར་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་རྣམ་པ་སྤྱད་པ་དང་། གློག་ཚོང་རོགས་སྐྱོར་ཉམས་ལེན་ཁང་ལ་བརྟེན་པ། དྲ་ངོས་དང་ཡུལ་དངོས་ནས་མཉམ་དུ་ནུས་པ་བཏོན་ཏེ། ས་གནས་སོ་སོ་རུ་ལོ་སར་གྱི་ཚོང་རྫས་དུས་ཆེན་དང་དྲ་ཐོག་དངོས་ཉོ་དུས་ཆེན་སོགས་བརྗོད་སྙིང་ཅན་དང་ཁྱད་ལྡན་ཅན། ཆེད་ལས་ཅན་གྱི་འཛད་སྤྱོད་ཡར་སྐུལ་བྱ་འགུལ་སྤེལ།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།