ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཆ་འཕྲིན་ཚོང་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཟོ་ལས་དང་ཚོང་ལས་དཔལ་འབྱོར་གྱི་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་བྱེད་པ་དང་ཁེ་ལས་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་ཐག་བཅད་དེ་རིགས་སོ་སོའི་ཁྲོམ་རའི་གཙོ་གཞིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་ཆེད། ཉེ་ལམ། མགོ་ལོག་ཁུལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་ཁེ་ལས་ལ་ཕན་འདོགས་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་རོགས་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ་ཕྱིར་བཏོན་ནས་བཟོ་ལས་ཚོང་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བའི་སྲིད་ཇུས་འདེགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་སྟེ་ཁེ་ལས་ལ་ཕན་ཁེ་ཆེན་པོ་བསྐྲུན།
སྲིད་གཞུང་དང་ཁེ་ལས་ཀྱིས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་ཆེད། མགོ་ལོག་ཁུལ་བཟོ་ལས་ཆ་འཕྲིན་ཚོང་དོན་ཅུའུ་ཡིས་འགན་ལེན་འབྲེལ་འདྲིས་བྱེད་པའི་ནང་རྐྱེན་བཙུགས་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་ཆེད་དོན་བྱ་བའི་ཚན་ཆུང་བཙུགས་པར་མ་ཟད། གཅིག་གཏད་གཅིག་དང་གནས་གཏན་གནས་ཀྱི་མཐུན་སྦྱོར་བྱེད་ཐབས་སྤྱད་དེ་ཁེ་ལས་སུ་ཟབ་ཞུགས་བྱས་ནས་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་རྒྱུས་ལོན་དང་དངོས་ཡོད་དཀའ་ཁག་དབྱེ་ཞིབ་ཐག་གཅོད་བྱས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་བརྟན་འཇགས་སུ་བཏང་ལ། ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་དཀའ་ཁག་སེལ་བའི་ཤུགས་ཚད་ཆེ་རུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་དང་གསོན་ཤུགས་ཆེ་རུ་བསྐྱེད།
ཁེ་ལས་ལ་རོགས་བྱས་ཏེ་ལས་ཐོན་སླར་གསོ་དང་། ཁེ་ལས་ཀྱི་མ་དངུལ་འཁོར་སྐྱོད་དང་དངུལ་བུན་རེ་ཞུ་སོགས་ཐད་ཀྱི་གནད་དོན་དང་དཀའ་ཁག་ཐག་གཅོད་ཆེད། མགོ་ལོག་ཁུལ་བཟོ་ལས་ཆ་འཕྲིན་ཚོང་དོན་སྡེ་ཁག་གིས་དངུལ་རྩའི་སྡེ་ཁག་བར་གྱི་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་པ་དང་། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་སྦྲེལ་མཐུད་ཚོགས་འདུ་བསྡུས་ཏེ་ཁེ་ལས་ཀྱི་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་བཟོ་ལས་ཚོང་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།