གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་བཀོད་སྒྲིག་ལག་བསྟར་བྱེད་ཆེད། ཉེ་ལམ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཞབས་ཞུ་བྱ་བའི་ཇུས་གཞི་སྒྲིག་བཟོ་དང་འགྲེམ་སྤེལ་བྱས་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཞབས་ཞུ་བཟང་བོར་བསྒྲུབ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།
ཇུས་གཞིའི་ནང་ཁེ་ལས་ལ་རོགས་སྐྱོར་བྱས་ནས་དཀའ་ཁག་སེལ་བ་དང་ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་ལག་བསྟར་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ་སོགས་ཕྱོགས་ལྔའི་ཐད་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་འགུལ་སྐྱོད་སྤེལ་པར་བཀོད་སྒྲིག་བཟང་བོ་བྱས། སྲིད་ཇུས་ལ་ཆ་རྒྱུས་ཡོད་པ་དང་ལས་སྒོ་བྱང་ཆུབ་པ། ནུས་པ་བཟང་བའི་ལས་བྱེད་པ་ལྔ་བཅུ་ལྷག་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འབྲེལ་འདྲིས་མི་སྣ་རུ་བདམས་ནས། ཁེ་ལས་སུ་ཡུལ་དངོས་འཚམས་འདྲི་བྱས་པ་དང་། ཁེ་ལས་ཀྱི་དཀའ་ཁག་གནད་དོན་དང་སྲིད་ཇུས་ཞུ་གཏུག་ཐད་ཀྱི་བསམ་འཆར་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཤིང་། ཁེ་ལས་འཕེལ་རྒྱས་ཐད་ཀྱི་དཀའ་ཁག་དངོས་ཐག་བཅད་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཁེ་ལས་ཀྱི་གནད་དོན་ཐག་གཅོད་ཚད་དང་ཡིད་ཚིམ་ཚད་མཐོར་འདེགས་སུ་བཏང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ཐད་འགན་སྲུང་བྱས།
ཡུག་སྦྲེལ་མཆན་འགོད་ལག་བསྟར་བྱེད་པ་དང་། ཁོར་ཡུག་དཔྱད་འཇོག་མཆན་འགོད་ཀྱི་དུས་ཡུན་ཇེ་ཐུང་དུ་གཏོང་བ། དྲ་ཐོག་ནས་བསྒྲུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཆན་འགོད་ལས་ཆོད་ཇེ་མཐོར་བཏང་། ར་བའི་ཁུལ་གྱི་ལས་གཞིའི་ཁོར་ཡུག་དཔྱད་འཇོག་ཡིག་ཆ་སྒྲིག་བཟོ་ཐད་ནས་སྟབས་བདེ་རུ་བསྒྱུར་བ་དང་། ཁོར་ཡུག་དཔྱད་འཇོག་ལག་རྩལ་ཞབས་ཞུའི་བློ་འདྲི་སྟེགས་བུ་བཀོལ་ནས་ཁེ་ལས་ཕྲན་ཆུང་གི་ལས་གཞི་དཔྱད་འཇོག་ཞབས་ཞུ་བཟང་བོར་བསྒྲུབས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་འགྲེམ་སྤེལ་བྱས་པའི་ལས་གཞི་གལ་ཆེན་གྱི་ཞབས་ཞུ་ལེགས་སྒྱུར་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པའི་བྱེད་ཐབས་བཅུ་ལག་བསྟར་ནན་མོ་བྱས་ཏེ། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་ཞབས་འདེགས་གནད་ལ་འཁེལ་བ་ཞུས།
སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་ཁྱབ་བསྒྲགས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཞབས་ཞུ་ཉིན་མོ་དང་ཁོར་ཡུག་དཔྱད་འཇོག་རྒྱུ་རྐྱེན་འགན་སྲུང་ཐད་ཀྱི་འབྲེལ་མཐུད་གྲོས་ཚོགས་སོགས་བྱ་འགུལ་སྤེལ་ནས། སྲིད་ཇུས་འགྲེལ་ཀློག་བྱས་པ་དང་དོགས་གནད་སེལ། ཁེ་ལས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། ར་བའི་ཁུལ་དང་ཁེ་ལས་སུ་སོང་ནས། ཁེ་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་དུ་འཕྲད་པའི་དཀའ་ཁག་དང་གཙོ་གནད་གནད་དོན་ལ་སྲིད་ཇུས་དང་ལག་རྩལ་གྱི་ཕྱོགས་ནས་དབྱེ་ཞིབ་དང་བརྡར་གཅོད་བྱས་ཏེ། ཁེ་ལས་ཀྱི་དཀའ་ཁག་ཐག་བཅད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་དང་འཕེལ་རྒྱས་ཐད་ཞབས་འདེགས་གནད་ལ་འཁེལ་བ་ཞུས།
རིན་ཆེན་མཚོས་བསྒྱུར།