མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྨན་བཅོས་ལས་ཁུངས་གཙོ་བོའི་ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་འཁོར་རྒྱུག་གནས་ཚུལ་ལ་ལྟ་ཞིབ་བྱས།
2023.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་དང་སྨན་བཅོས་གད་སྙིགས་གཅིག་བསྡུས་ཐག་གཅོད་སྡེ་ཁག་ཉེར་བརྒྱད་ཀྱིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཆེད་དོན་ལྟ་ཞིབ་དང་ཞིབ་བཤེར་དང་ལེན་བྱས་ནས། ལོ་གསུམ་རིང་གི་སྨན་བཅོས་གད་སྙིགས་ཐག་གཅོད་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་།

ཞིབ་བཤེར་ཚན་ཆུང་སོ་སོར་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་ལྔ་བ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རྫོང་རིམ་པའི་མི་དམངས་སྨན་ཁང་སྐོར་ཞིག དམངས་གཉེར་སྨན་ཁང་གཙོ་བོ་སོགས་ལ་སོང་ནས་ཞིབ་བཤེར་སྤེལ། ས་ཆ་རེ་རེར་ཐོན་དུས། ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་ནས་སྨན་བཅོས་གད་སྙིགས་བསྡུ་རུབ་དང་ཉར་གསོག་རྒྱུད་འདྲེན་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། རྩིས་ཐོ་ཟིན་བྲིས་ལ་ཀློག་བཤེར་དོ་དམ་བྱས་ལ། སྨན་ཁང་སྐོར་ཞིག་ལ་གནས་པའི་སྨན་བཅོས་གད་སྙིགས་གནས་སྐབས་གསོག་འཇོག་ཁང་གི་འཛུགས་སྐྲུན་ཚད་ལྡན་མིན་པ་དང་ནད་ཀྱི་རྒྱུ་རྐྱེན་རང་བཞིན་གྱི་གད་སྙིགས་གསོག་འཇོག་བྱེད་ས་མེད་པ། གཙང་དག་དུག་སེལ་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཐད་ནས་ཡུལ་དངོས་ཞིབ་བཤེར་བྱས་པ་དང་ཟིན་ཐོ་བཀོད་པ་མ་ཟད། དག་ཐེར་ལེགས་བཅོས་ཀྱི་རེ་བ་བཏོན།

དེ་དང་མཉམ་དུ། ཞིབ་བཤེར་ཚན་ཆུང་གིས་ད་དུང་སྨན་ཁང་སོ་སོའི་སྨན་བཅོས་བཙོག་ཆུ་ཐག་གཅོད་སྒྲིག་ཆས་ལ་ཞིབ་བཤེར་ཟབ་མོ་བྱས་པ་དང་། བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཁོར་རྒྱུག་དང་སྨན་སྣོན་ཟིན་ཐོ། བཙོག་ཆུ་ལྟ་ཞིབ་སྙན་ཞུ་བཅས་ལ་ཀློག་བཤེར་བྱས་ལ། སྒྲིག་ཆས་དོ་དམ་མི་སྣར་གནས་ཚུལ་གསལ་བོར་དྲིས་པ་དང་། རིམས་ནད་འགོག་སྡོམ་སྲིད་ཇུས་ལེགས་སྒྱུར་ལེགས་སྒྲིག་བྱས་པའི་ཚུན་གྱི་སྒྲིག་ཆས་འཁོར་རྒྱུག་དོ་དམ་གནས་ཚུལ་ཐད་རྒྱུས་ལོན་གསལ་བོ་བྱས། སྨན་ཁང་སྐོར་ཞིག་གི་སྨན་བཅོས་བཙོག་ཆུ་ཐག་གཅོད་སྒྲིག་ཆས་རྙིང་འགྱུར་དང་བཙོག་ཆུ་ཐག་གཅོད་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་ཐད་ནས། སྨན་ཁང་གིས་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྔ་མོ་ནས་ཇུས་གཞི་གཏན་འབེབས་བྱེད་པ་དང་ལག་རྩལ་སྒྱུར་བཀོད་བྱས་ཏེ། བཙོག་ཆུ་བརྟན་འཇགས་དང་ཚད་ལོངས་བའི་སྒོ་ནས་ཕྱིར་འདོན་པར་ཁག་ཐེག་བྱེད་རྒྱུའི་རེ་བ་བཏོན། ཟི་ལིང་དང་མཚོ་ཤར་སྨན་བཅོས་གད་སྙིགས་གཅིག་བསྡུས་ཐག་གཅོད་ལྟེ་གནས་སུ། གནས་སྐབས་སུ་གསོག་འཇོག་བྱས་པའི་སྨན་བཅོས་གད་སྙིགས་ཐག་གཅོད་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་སྨན་བཅོས་གད་སྙིགས་གཅིག་བསྡུས་ལྟེ་གནས་ཀྱིས་མྱུར་དུ་བྱེད་ཐབས་སྤྱད་དེ་སྨན་བཅོས་གད་སྙིགས་གནས་སྐབས་གསོག་འཇོག་བྱེད་ཚད་ཚད་ལྡན་དུ་གཏོང་རྒྱུའི་རེ་བ་བཏོན། ཟི་ལིང་གྲོང་ཁྱེར་སྨན་བཅོས་གད་སྙིགས་གཅིག་བསྡུས་ཐག་གཅོད་ལྟེ་གནས་ཀྱིས། གནས་སྐབས་སུ་གསོག་འཇོག་བྱས་པའི་གད་སྙིགས་ཐག་གཅོད་འཆར་གཞི་གཏན་འབེབས་བྱས་ནས། སྔ་མོ་ནས་ཐག་གཅོད་བཟང་བོ་བྱེད་རྒྱུའི་རེ་བ་བཏོན། དེ་དང་མཉམ་དུ། ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད། སྨན་བཅོས་ལས་ཁུངས་ཀྱིས་ཡར་ཞུ་བྱས་པའི་སྨན་བཅོས་གད་སྙིགས་དོ་དམ་རྩིས་ཐོ་འཛུགས་པ་དང་སྲ་གཟུགས་གད་སྙིགས་དངོས་འབྲེལ་དྲ་རྒྱའི་གཞི་གྲངས་ཆེན་པོའི་མ་ལག་གི་རེའུ་མིག་འགོད་པའི་དོགས་གནད་ལ་ཡུལ་དངོས་ནས་དྲིས་ལན་བཏབ།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཞིབ་བཤེར་ཁྲོད་རྙེད་པའི་སྨན་བཅོས་ལས་ཁུངས་ཀྱི་བཙོག་ཆུ་ཕྱིར་འདོན་ཆོག་མཆན་དང་རང་འགུལ་སྒོས་ལྟ་ཞིབ་བྱེད་པའི་ཁྲོད་གནས་པའི་ལྟ་ཞིབ་དམིགས་ཚད་ཆ་མི་ཚང་བ་དང་ལྟ་ཞིབ་བྱེད་ཚད་མི་འདང་བ། ལག་བསྟར་ཚད་གཞི་མི་ལོངས་པ་སོགས་ཀྱི་སྤྱིའི་རང་བཞིན་གྱི་གནད་དོན་ཐད་ནས། བཙོག་ཆུ་ཕྱིར་འདོན་ཆོག་མཆན་ཚད་ལྡན་དུ་བསྒྱུར་བ་དང་ཕྱོགས་གསུམ་པའི་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྨན་བཅོས་ལས་ཁུངས་ཀྱི་ཁོར་ཡུག་དོ་དམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།