ཀན་ལྷོ་ཁུལ་བསང་ཆུ་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་གསར་བ་བྲིས།
2023.02.20 ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 38

ཉེ་བའི་ལོ་འགའི་རིང་དུ།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་ནུས་ཤུགས་ཡོད་རྒུས་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་བཏེགས་ཏེ་ཡུལ་སྐོར་ཚོང་ར་གཉེར་སྐྱོང་བྱེད་པ་དང་། གཙོ་གཟུགས་སྐྱེད་སྲིང་དང་རྒྱ་སྐྱེད་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ལས་གྲྭ་ཆེན་མོ་གསུམ་ལ་སྐུལ་འདེད་བཏང་བ་བརྒྱུད་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་ཧུར་ཐག་སྒོས་བཏོད། 

རྒྱུན་ཆད་མེད་པར་ཡུལ་སྐོར་གྱི་བྱེད་ནུས་འཐུས་ཚང་དུ་བཏང་ནས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་གྱི་གཅིག་བཅུ་བརྒྱ་སྟོང་ཁྲི་ཡི་ལས་གྲྭ་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། མང་ཚོགས་རྣམས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ནང་ཞུགས་པར་སྐུལ་མ་བཏང་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས། 

བསང་ཆུ་ཆེན་མོའི་ཡུལ་སྲོལ་གོམས་གཤིས་ལམ་ཐིག་གི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་བྱས་པ་དང་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། རྫོང་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གཅིག་ཅན་དྲུག་གི་བྱ་བར་མྱུར་དུ་སྐུལ་འདེད་བཏང་ནས་བླ་བྲང་བོད་མིའི་ཁྲོམ་གཞུང་དང་། བླ་བྲང་གྲོང་རྡལ་མན་མཁར་སྡེ་བ།དཔོན་ཚང་སྡེ་བའི་སྲོལ་རྒྱུན་ཁྲོམ་གཞུང་བཅས་ཁྱོན་ཡོངས་ནས་བསྐྲུན་རྒྱུའི་ལས་འགན་ལེགས་གྲུབ་བྱས་པ་དང་། བོད་ཀྱི་གླུ་གར་ཆེ་གྲས《བླ་བྲང་དུ་འཛོམས་པ》ཞེས་པ་ཧུར་ཐག་གིས་ཁྱབ་གདལ་དང་དྲིལ་སྒྲོག་བྱས་ནས་སྤུས་དག་འཁྲབ་ཚན་གྱི་ཚོང་རའི་རིན་ཐང་བཏོད་ལ། བླ་བྲང་གི་ལེགས་སྐྱེས་སོགས་རིག་གནས་གསར་གཏོད་ཐོན་རྫས་ལ་ལས་སྣོན་ཞིབ་ཚགས་དང་ཇུས་འགོད་གང་ལེགས་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པ་ལེགས་སུ་བཏང་བ་དང་། ཨ་མའི་ལག་ཟས་ནི་ས་གནས་ཀྱི་ཁྱད་ལྡན་བོད་ཟས་གཙོ་བོ་དེ་ཡིན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། སྨྱན་སྦྱོར་གསར་བའི་ལས་སྟེགས་ལ་བརྟེན་ནས་བསང་ཆུའི་ཡུལ་སྐོར་གྱི་གཞུང་ཕྱོགས་དྲ་དཔོན་མགྲིན་ཚབ་པ་ཧུར་ཐག་སྒོས་སྐྱེད་སྲིང་བྱས་པ་བཅས་ལས་ཀྲུང་གོའི་གནས་མཆོག་བླ་བྲང་འཛམ་གླིང་རིག་པའི་གཙུག་རྒྱན་གྱི་མིང་བྱང་དེ་མངོན་པར་བཏོད་ཡོད། 

རིག་དངོས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས་རིག་གནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་ཡུལ་སྐོར་སྤུས་རྟགས་གསར་སྐྲུན་བྱས་པ་དང་། བསང་ཆུའི་ཏན་ཉི་སུའོ་ཝ་མིའི་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་འགྲེམ་སྟོན་དང་ཞིབ་འཇུག སློབ་སྦྱོང་སོགས་ཡུལ་སྐོར་གྱི་ལས་རྣམ་གསར་བ་གསར་སྤེལ་བྱས། བསང་ཆུའི་ཤིང་སློང་དུས་ཆེན་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་འགོད་རྒྱུར་བརྩོན་ལེན་ཧུར་ཐག་བྱས་པ་དང་། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་རིག་གནས་སྔོག་འདོན་བྱས་ནས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་གང་ལེགས་བྱས་ཤིང་། ད་ལོར་མགྲོན་ཁང་དང་བོད་ལུགས་གསོ་རིག་གི་ལུམས་རྒྱག་པ་གཉིས་མཉམ་ལས་ཀྱི་རྣམ་པ་གསར་བ་ཞིག་གཏོད་རྩིས་ཡོད།
       ལོ་ངོ་ལྔའི་རིང་དུ་རིམ་བསགས་ཀྱིས་བརྩིས་ན་བསང་ཆུ་རྫོང་གིས་ཡུལ་སྐོར་བ་མིཐེངས་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་གཉིས་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་བྱེ་བ་དྲུག་མངོན་འགྱུར་བྱུང་། ད་ལྟ་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ་ཀྲུང་གོའི་གནས་མཆོག་བླ་བྲང·འཛམ་གླིང་རིག་པའི་གཙུག་རྒྱན་ཞེས་པའི་རིག་གནས་མིང་བྱང་སྔར་བས་བཀྲག་མདངས་འཚེར་བཞིན་ཡོད།

འཕྲིན་གཏོང་བ། བདེ་སྐྱིད་འཚོ།