ན་གོར་མོ་གྲོང་ཁྱེར་གྱིས་དམངས་ཚིས་འགན་སྲུང་གང་མང་གི་ཚད་གཞི་མཐོར་འདེགས་སུ་བཏང་།
2023.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་ན་གོར་མོ་གྲོང་ཁྱེར་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ་སོགས་གཞི་རྩའི་དམངས་ཚིས་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པ་དང་། སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། དམངས་ཚིས་དོན་དངོས་ལ་དམིགས་ཏེ་གནད་འཁེལ་ནུས་ཤུགས་བཏོན་ནས། དམངས་ཚིས་འགན་སྲུང་གང་མང་གི་ཚད་གཞི་མཐོར་འདེགས་སུ་བཏང་བ་དང་། མང་ཚོགས་ཀྱི་དགོས་མཁོ་དང་འདོད་པ། རེ་བ་བཅས་ཡོངས་སུ་བསྐངས་པར་མ་ཟད། སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྡོད་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་སྔར་ལས་མཐོར་འདེགས་སུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ན་གོར་མོ་གྲོང་ཁྱེར་གྱིས་དམངས་ཚིས་ཁྱབ་ཁོངས་སུ་འགྲོ་སྒོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཅིག་ལྷག་བཏང་བ་དང་། ནོར་སྲིད་ཀྱི་སྤྱིའི་འགྲོ་སྒོའི་བརྒྱ་ཆའི་བརྒྱད་ཅུ་ལྷག་ཟིན་ལ། སློབ་གསོ་དང་རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་བྱད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། འཕྲོད་བསྟེན་བདེ་ཐང་སོགས་དམངས་ཚིས་ཁྱབ་ཁོངས་གཙོ་བོར་འགྲོ་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བཏང་། དེའི་ནང་དུ་སློབ་གསོའི་ཐད་ལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་ས་ཡ་དྲུག་བཏང་བ་དང་། རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་བྱད་ཕྱོགས་སུ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་དྲུག་བཏང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཕྱོགས་སུ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་ལྔ་བཏང་བ་དང་། འཕྲོད་བསྟེན་བདེ་ཐང་ཕྱོགས་སུ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་གསུམ་བཏང་།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།