གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་ལྷོ་ཁུལ་གྱིས་མི་དམངས་ཀྱི་བདེ་སྐྱིད་ལ་དམིགས་ཏེ། དམངས་ཚིས་ལ་ཁེ་བཟང་བསྐྲུན་པ་དང་། དམངས་ཀྱི་དཀའ་གནད་སེལ་ཆེད། གྲོང་གསེབ་དར་སྤེལ་དང་། སློབ་གསོ། སྨན་བཅོས་དང་དམངས་ཚིས་འགན་སྲུང་སོགས་ཀྱི་ཕྱོགས་ལ་ནུས་ཤུགས་བཏོན་ཏེ། བྱེད་ཐབས་སྣ་མང་སྤྱད་ནས་དམངས་ཚིས་བཟོ་སྐྲུན་གྱི་ལས་དོན་ཁག་བརྟན་པོའི་ངང་སྤེལ་བར་སྐུལ་འདེད་བཏང་ནས་བདེ་སྐྱིད་ཀྱི་མཚོ་ལྷོ་འཛུགས་སྐྲུན་བྱེད་རྒྱུ་རེད།
གྲོང་གསེབ་དར་སྤེལ་ཕྱོགས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་འབུར་ཐོན་གོ་གནས་སུ་བཞག་སྟེ། ཕྱིར་དབུལ་བོར་འགྱུར་བ་འགོག་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་རྐྱེན་སྲོལ་མུ་མཐུད་དུ་ལེགས་བཅོས་བྱེད་པ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ནུས་ཚད་ཇེ་ཆེར་གཏོང་བ། སྒྲིག་གཞི་རང་བཞིན་གྱིས་ཕྱིར་དབུལ་བོར་འགྱུར་བའི་གནད་དོན་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་བ། གྲོང་གསེབ་དར་སྤེལ་གྱི་འགུལ་སྐྱོད་ཆེན་པོ་བརྒྱད་ལག་བསྟར་གཏིང་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱ་བསྐྱེད་པ། གྲོང་གསེབ་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། གྲོང་གསེབ་ཐོན་ལས་དང་། འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བ། འབྲུ་རིགས་བདེ་འཇགས་དང་། ཞིང་ས་སྲུང་སྐྱོབ་འགན་འཁྲི་ཇེ་དམ་ཇེ་ནན་དུ་བཏང་སྟེ། ཞིང་མིན་ཅན་དང་འབྲུ་མིན་ཅན་གཏན་འགོག་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་། གྲོང་གསེབ་དཔལ་འབྱོར་དར་སྤེལ་གཏོང་རྒྱུ་རེད།
སློབ་གསོ་དང་སྨན་བཅོས་ཕྱོགས་ནས། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ་དང་མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་སྟེ། སློབ་གྲྭ་མ་སོང་སྔོན་གྱི་སློབ་གསོའི་སྤྱི་ཕན་བདེ་འཇགས་དང་། འོས་འགན་སློབ་གསོའི་སྤུས་ལེགས་དང་སྤྱི་སྙོམ། མཐོ་འབྲིང་སྐབས་ཀྱི་སློབ་གསོའི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་རིགས་ལག་རྩལ་སློབ་གསོའི་འོས་འཚམ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དང་། བདེ་ཐང་གི་མཚོ་སྔོན། བདེ་སྐྱིད་ཀྱི་མཚོ་ལྷོ་ཞེས་པའི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ཏེ། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགོས་ནད་སྔོན་འགོག་དང་འཕྲལ་བསྟུན་ཐག་གཅོད་བྱ་བ་ཤུགས་དྲག་ཏུ་གཏོང་བ། ལོ་གཉིས་ནང་ཐེངས་གཅིག་ལ་རིན་མེད་ངང་ཉེ་འཁོར་དུ་བདེ་ཐང་ཞིབ་བཤེར་བྱེད་པ་དང་། གཅིན་པ་མངར་འགྱུར་གྱི་ནད་དང་། ཁྲག་ཤད་མཐོ་བ་སོགས་དལ་བའི་རང་བཞིན་ཅན་གྱི་ནད་ལ་བཀོལ་བའི་གཞི་རྩའི་སྨན་སྣ་རིན་མེད་ངང་སྐྱེལ་བའི་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་རྒྱུ་རེད།
དམངས་ཚིས་འགན་སྲུང་ཕྱོགས་ནས། ལས་གནས་བརྟན་པོ་དང་རྒྱ་བསྐྱེད་པའི་བྱ་བ་ལེགས་པོར་སྒྲུབ་སྟེ། རྒྱལ་ཁབ་ཀྱི་ལས་གནས་བརྟན་པོ་དང་ལས་ཞུགས་རྒྱ་བསྐྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། ལས་ཞུགས་དཀའ་ཁག་ཅན་གྱི་མི་སྣར་ཆེད་དོན་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་རྒྱུ། དངོས་གོང་བརྟན་པོ་བཟོ་བར་ཤུགས་འདོན་པ་དང་། གལ་ཆེའི་དམངས་ཚིས་ཚོང་རྫས་ཀྱི་རིན་གོང་མཐུན་སྦྱོར་ཚོད་འཛིན་བྱེད་པའི་ལག་བསྟར་སྲིད་ཇུས་དངོས་འབེབས་ནན་མོ་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་བྱེད་པ། གནོད་འཚེ་ཐེབས་པའི་དཀའ་ཁག་ཅན་གྱི་མང་ཚོགས་དང་ཉམ་ཞན་རྒན་གྲས་དང་དབང་བོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་ཁག་གི་གཞི་རྩའི་འཚོ་བར་འགན་སྲུང་བཟང་པོ་བྱས་ཏེ། འགན་སྲུང་བྱེད་དགོས་པ་ཚང་མར་འགན་སྲུང་ཡོད་པ་དང་། རོགས་སྐྱོར་མཁོ་བ་ཚང་མར་རོགས་སྐྱོར་ཐོབ་པར་འབད་པ་བྱེད་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།