ཞིང་ཆེན་ཚོང་དོན་ཐིན་གྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་།
2023.02.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་ཇུས་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།  ཁེ་ལས་ཀྱི་འཕེལ་རྒྱས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ།   རྒྱུ་རྐྱེན་གྱི་འགན་སྲུང་འདོན་སྤྲོད་བཅས་བྱེད་ཆེད།  ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན།  ཞིང་ཆེན་ཚོང་དོན་ཐིན་གྱིས་གནད་འགག་དུས་ཚོད་དང་གནད་འགག་དུས་རིམ་དམ་འཛིན་བྱས་པ་དང་།   ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཞིང་ཆེན་ནུས་ཁུངས་ཅུའུ་དང་མཉམ་དུ་ཉིས་སྟོང་ཉེར་གསུམ་ལོའི་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཟོ་སྐྲུན་གཙོ་བོའི་སྣུམ་རྫས་མཁོ་སྤྲོད་སྦྲེལ་མཐུད་ཚོགས་འདུ་བསྡུས་པར་མ་ཟད།    ཆུ་བེད་དང་འགྲིམ་འགྲུལ།   གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས་སོགས་བཟོ་སྐྲུན་གཙོ་བོའི་སྣུམ་བཀོལ་དགོས་མཁོར་འགན་སྲུང་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་བཏང་།

གྲོས་ཚོགས་སྟེང་།  ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ད་ལྟ་སྤྱོད་བཞིན་པའི་བཙགས་སྣུམ་གྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་ཀློག་བྱས་པ་དང་།    ཞིང་ཆེན་རྡོ་སྣུམ་ཐོན་རྫས་ལས་རིགས་མཐུན་ཚོགས་དང་བཙགས་སྣུམ་ཕྱིར་འཚོང་ཁེ་ལས་ཀྱིས་སོ་སོར་ལས་རིགས་མཐུན་ཚོགས་འཕེལ་རྒྱས་གནས་ཚུལ་དང་སྣུམ་འདོན་སྤྲོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ལས་ཁུངས་ཀྱི་བཟོ་སྐྲུན་གཙོ་བོ་འཛུགས་སྐྲུན་སྡེ་ཁག་གིས་སྣུམ་བཀོལ་དགོས་མཁོ་བཏོན་ཏེ་ཚོགས་ཞུགས་སྐུ་མགྲོན་ཚོ་དང་བཞུགས་མོལ་སྦྲེལ་མཐུད་བྱས།

ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུས་མགྱོགས་པ་དང་དངོས་ཡོད།   བྲེལ་མྱུར།  ཕན་མཐོ་བཅས་ཀྱི་བྱ་བའི་རྩ་དོན་དམ་འཛིན་བྱས་ཏེ།   བཟོ་སྐྲུན་གཙོ་བོའི་ཨར་ལས་སྡེ་ཁག་དང་བཙགས་སྣུམ་ཚོང་གཉེར་ཁེ་ལས་བར་གྱི་མཁོ་སྤྲོད་འབྲེལ་ཟམ་བཙུགས་པ་དང་། མཁོ་སྤྲོད་ཕྱོགས་གཉིས་ཀྱིས་ཐོག་མའི་མཉམ་ལས་འདོད་བློ་འཛུགས་པར་ཁྲིད་སྟོན་བྱས་ལ།   མཁོ་སྤྲོད་ཕྱོགས་གཉིས་ཀྱིས་ཡུན་རིང་གི་མཉམ་ལས་འབྲེལ་བ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས།    རྒྱུས་ལོན་བྱུང་བ་ལྟར་ན།   བཟོ་སྐྲུན་གཙོ་བོའི་ཨར་ལས་སྡེ་ཁག་དང་བཙགས་སྣུམ་ཚོང་གཉེར་ཁེ་ལས་བར་དུ་བཙགས་སྣུམ་ཏུན་འབུམ་གཅིག་ཉོ་སྒྲུབ་བྱེད་པའི་འདོད་བློ་བཀོད།

                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།