མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དང་དངུལ་ཁང་དང་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་བསྡུས།
2023.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་འཇགས་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་བྱ་བའི་བླང་བྱ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དངོས་འབེབས་གང་ལེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་མཚོ་སྔོན་ཞིང་ཆེན་ཡན་ལག་ཅུའུ། རྒྱལ་ཁབ་ཁྲལ་དོན་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ། ཟི་ལིང་སྒོ་ཁྲལ་ལས་ཁུངས་བཅས་དང་མཉམ་འབྲེལ་བྱས་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དང་དངུལ་ཁང་དང་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་དྲུག་ཅུ་ལྷག་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ། རྒྱལ་ཁོངས་བརྒལ་བའི་གློག་ཚོང་ཕྱོགས་བསྡུས་ཚོང་ལྟ་ཁུལ་སོགས་ལས་ཁུངས་ཀྱི་འགན་འཁུར་བ་དང་བྱེད་སྒོའི་རྐང་འཛིན་པ་གྲོས་ཚོགས་ལ་ཞུགས།

འབྲེལ་མཐུད་ཚོགས་ཐོག་ཏུ་ཞིང་ཆེན་ཚོང་དོན་ཐིན་དང་ཕྱི་དངུལ་དོ་དམ་ཅུའུ། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཀྱིས་སོ་སོར་ཉིས་སྟོང་ཉེར་གཉིས་ལོའི་རང་ཞིང་གི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་ར་གསར་སྐྲུན་དང་ཕྱི་ཕྱོགས་ཉོ་ཚོང་མངག་ཐོ་དམ་འཛིན་བྱེད་པ་དང་། ཕྱི་རྒྱལ་དུ་ཚོང་དོན་བྱ་འགུལ་སྤེལ་བ། རྒྱལ་ཁོངས་བརྒལ་ནས་སྡོམ་རྩིས་རྒྱག་པ། ཉོ་ཚོང་དངུལ་བསྡུ། ཕྱི་དངུལ་འདུས་ཚད་ཀྱི་ཉེན་ཁའི་དོ་དམ་ལ་ཤུགས་སྣོན་པ་སོགས་ཕྱོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྒྲོག་འགྲེལ་བྱས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།