ཉེ་ལམ། གསར་འགོད་པས་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་ཉེར་གསུམ་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་དགའ་བསུ་གསོ་སྦྱོང་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། སྐོར་ཐེངས་ཉེར་གསུམ་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་མཚོ་སྔོན་དུ་ཐོན་ཡོད་པ་དང་། མི་འགྱངས་པར་དུས་ཡུན་ལོ་གཅིག་རིང་གི་ཞབས་ཞུ་སྦྱོང་བརྡར་བྱེད་རྒྱུ་རེད།
ཤེས་གསལ་ལྟར་ན། སྐབས་ཉེར་གསུམ་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཉེར་བརྒྱད་ཁྲོད་ནས། ཁོངས་མི་ཉེར་བཞི་ནི་ཐེངས་དང་པོར་མཚོ་སྔོན་དུ་ཞབས་ཞུ་སྦྱོང་བརྡར་བྱེད་པར་ཡོང་བ་ཡིན་ལ། ཁོངས་མི་བཞི་སྔོན་ཆད་ཀྱི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་རྒྱུན་བསྲིང་སྦྱོང་བརྡར་གྱི་ཁོངས་མི་རེད། ཁོ་ཚོ་རང་ཞིང་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་གཙོ་བོ། མཐོ་རིམས་སློབ་གླིང་། སྨན་བཅོས་ལས་ཁུངས་སོགས་སྡེ་ཁག་ཏུ་སོང་ནས་མཚོ་སྔོན་གྱི་འཛུགས་སྐྲུན་ཁྲོད་ཞུགས་པ་དང་མཚོ་སྔོན་ལ་ཞབས་འདེགས་ཞུ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་པ་རང་བཞིན་གྱི་ཞབས་ཞུའི་ཕན་ནུས་སྔར་ལས་འདོན་སྤེལ་བྱེད་ཆེད། ད་ལོར་མཐོ་སྒང་གི་གསོ་རིག་འབུམ་རམས་པའི་ཚོགས་པ་ཐོག་མ་བཙུགས་ནས། ཚོགས་པའི་ཁོངས་མིའི་རང་སྟེང་གི་ཚན་རིག་ཞིབ་འཇུག་གི་དགེ་མཚན་དང་དཔུང་སྡེའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཐོ་སྒང་གི་གསོ་རིག་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཁྲོད་ཞུགས་པ། མཐོ་སྒང་གི་གསོ་རིག་ནད་གཞི་ཞིབ་འཇུག་སྤེལ་བར་རོགས་འདེགས་བྱེད་པ། མཐོ་སྒང་གི་ནད་རིགས་དང་འབྲེལ་བའི་ཚན་ཁག་འཛུགས་སྐྲུན་ཐད་རོགས་འདེགས་བྱེད་པ་བཅས་བྱེད་རྒྱུ་རེད། དེ་དང་མཉམ་དུ། མཐོ་རིམ་སློབ་གསོའི་འབུམ་རམས་པའི་ཚོགས་པ་བཙུགས་ཏེ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་རང་སྟེང་གི་ཚན་རིག་ཞིབ་འཇུག་དང་དཔུང་སྡེའི་དགེ་མཚན་ལ་རྒྱབ་བརྟེན་ནས། ཤེས་ལྡན་མི་སྣ་སྐྱེད་སྲིང་ལ་ཤུགས་སྣོན་པ་དང་སློབ་ཚན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཚན་རིག་ཞིབ་འཇུག་སྤེལ་བ། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་མཚོ་སྔོན་གྱི་མཐོ་རིམ་སློབ་གསོ་ལས་དོན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
དགའ་བསུ་གྲོས་ཚོགས་གྲོལ་རྗེས། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཡོངས་མཚོ་སྔོན་མི་རིགས་སློབ་ཆེན་དུ་སོང་ནས་དུས་ཡུན་ཉིན་གསུམ་རིང་གི་གསོ་སྦྱོང་ལ་ཞུགས་པར་མ་ཟད། མཚོ་སྔོན་གསར་བའི་བསམ་པའི་མཐོ་གནས་ཀྱི་བརྗོད་དོན་སློབ་གསོའི་འགྲེམ་སྟོན་ཁང་དང་མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་སོང་ནས་ཕུགས་འདུན་ཡིད་རྟོན་སློབ་གསོ་དང་ལེན་བྱས། གསོ་སྦྱོང་བརྒྱུད་དེ། ཚང་མས་བསྟན་དོན། མཚོ་སྔོན་གྱི་གནས་ཚུལ་དངོས་དང་སྤྱི་ཚོགས་ཀྱི་གནས་ཚུལ། མང་ཚོགས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པ་བྱུང་བ་དང་། མཚོ་སྔོན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་འཐབ་ཇུས་ཀྱི་གོ་རིམ། མི་རིགས་ཆོས་ལུགས། དངོས་ཐོན་ཐོན་ཁུངས་བཅས་ལ་རྒྱུས་ལོན་སྔར་ལས་གསལ་བོ་བྱེད་ཐུབ་པ་བྱུང་། ཚང་མས་མཐའ་གཅིག་ཏུ། ཞབས་ཞུ་སྦྱོང་བརྡར་སྐབས་སུ། མཚོ་སྔོན་གསར་བའི་སྙིང་སྟོབས་དང་མདེལ་གཉིས་སྐར་གཅིག་གི་དགོངས་དོན་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། ལས་གནས་ལ་རྐང་འཛུགས་པ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། ཧུར་ཐག་གིས་མཚོ་སྔོན་སྙིང་སྟོབས་ཀྱི་མཐོ་སའི་རྒྱུན་འཛིན་པ་བྱེད་རྒྱུའི་ཚུལ་བསྟན།
སྐོར་ཐེངས་ཉེར་གསུམ་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པས་རྗེས་ཕྱོགས་ཀྱི་ལོ་གཅིག་གི་རིང་། རང་སྟེང་གི་ཆེད་ལས་ཀྱི་དགེ་མཚན་བེད་སྤྱད་དེ། ཆེད་ལས་ཀྱི་ཟུར་ངོས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་པ་དང་། ཟམ་པ་དང་སྦྲེལ་ཐག་ལྟ་བའི་ནུས་པ་འདོན་སྤེལ་བྱེད་པ། དངུལ་འདྲེན་དང་བློ་གྲོས་ནང་འགུག་གི་ལམ་རྒྱ་བསྐྱེད་པ། རང་ས་ཆའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་རེད། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་འགན་སྲུང་བྱ་བཟང་བོར་བསྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིར་ཆབ་སྲིད་ཀྱི་ཁོར་ཡུག་དང་བྱ་བའི་ཁོར་ཡུག འཚོ་བའི་ཁོར་ཡུག་བཟང་བོ་བསྐྲུན་ནས། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ལ་མཚོ་སྔོན་ནས་ལས་གཉེར་ལས་སྐྲུན་བྱེད་པ་དང་འཇོན་ཐང་མངོན་པའི་སྟེགས་བུ་བཟང་བོ་བསྐྲུན་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།