རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ར་བའི་ཁུལ་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་རྨོ་འདེབས་རིག་གནས་ལག་ལེན་སྒར་སའི་ཁྲོད་ཚུད།
2023.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་གཞུང་སྒྲུབ་ཐིན་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་གཞུང་སྒྲུབ་ཐིན། རྒྱལ་ཡོངས་ན་གཞོན་གདོང་ལེན་རུ་ཁག་རྒྱལ་ཡོངས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་བཅས་ཀྱིས་སྐོར་དང་པོའི་ཞིང་ལས་རྨོ་འདེབས་རིག་གནས་ལག་ལེན་སྒར་ས་དྲུག་ཅུ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ར་བའི་ཁུལ་དེའི་ཁྲོད་དུ་ཚུད་ཡོད།

རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ར་བའི་ཁུལ་ནི་ཞིབ་འཇུག་གསར་སྤེལ་དང་ལས་སྣོན། དངོས་ཟོག་སྐྱེལ་འདྲེན། ཕྱོགས་བསྡུས་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ར་བ་ཡིན་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཚུན་དུ། ར་བའི་ཁུལ་གྱིས་ནོར་གནག་དང་བོད་ལུག་གསོ་སྤེལ་ལ་རྒྱབ་བརྟེན་པ་དང་། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་ར་བའི་ཁུལ་སྲོག་ཤིང་ཡིན་པ། མཉམ་ལས་ཁང་འདྲེན་བྱེད་དུ་བྱེད་པ། ཁེ་ལས་མཆོང་བརྒལ་བྱེད་ས་ཡིན་པ། འབྲོག་ཁྱིམ་ལ་སྣེ་ཁྲིད་བྱེད་པ། རིག་གནས་ལ་མྱོང་ཚོར་བྱེད་པའི་འཁོར་རྒྱུག་མ་དཔེ་བརྒྱུད་དེ། ར་བའི་ཁུལ་གྱི་རྩོལ་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་བ་དང་། འགྲེམ་སྟོན་ཁང་དང་སློབ་ཁྲིད་ས་ཁུལ། ཚོད་ལྟ་ཁང་། བཟོ་སྐྲུན་བཟོ་གྲྭ་སོགས་ཇེ་མང་དུ་བཏང་ལ། མིག་སྔར། ཞིང་ལས་རིག་གནས་ལག་ལེན་གྱི་སློབ་ཚན་སྣ་མང་པོ་གསར་སྤེལ་བྱས་པ་དང་། གསོ་སྦྱོང་མི་སྣ་བཞི་བརྒྱ་སྣེ་ལེན་བྱས་ནས། རིམ་བཞིན་དུ་ངལ་རྩོལ་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་ཞིང་ལས་རིག་གནས་དར་སྤེལ་གཏོང་བའི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད།

ཞིང་ལས་རྨོ་འདེབས་རིག་གནས་ལག་ལེན་སྒར་ས་དཔྱད་འདེམ་བྱེད་རྒྱུ་ནི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་གྲས་ཀྱི་གཅིག་ཡིན་ལ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་གཅིག་ཀྱང་ཡིན་པས། རང་ཞིང་གིས་ཞིང་ལས་རྨོ་འདེབས་རིག་གནས་ལག་ལེན་སྒར་ས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་པ་དང་། འཕེལ་རྒྱས་ཀྱི་འཁོར་རྒྱུག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ལས་རྨོ་འདེབས་རིག་གནས་ལག་ལེན་སྒར་ས་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་པར་ཤུགས་སྣོན་པ། ན་གཞོན་བྱིས་པ་སྐྱེད་སྲིང་བྱས་ནས་ལོ་ལེགས་ཐད་ཀྱི་གཏམ་རྒྱུད་བཤད་མཁན་དང་ངལ་རྩོལ་སྙིང་སྟོབས་ཀྱི་རྒྱུན་འཛིན་པ། ཞིང་ལས་རྨོ་འདེབས་རིག་གནས་ཀྱི་བརྒྱུད་སྒྲོག་པར་འགྱུར་བར་བྱས་ཏེ། གྲུབ་འབྲས་ལ་མྱོང་ཚོར་བྱེད་པ་དང་ཞིང་ལས་ཐད་རྒྱུས་ལོན་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་དར་སྲོལ་གསར་བར་འགྱུར་བར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།