ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བཀོད་སྒྲིག་ལྟར། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུའུ་སོགས་སྡེ་ཁག་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་རིགས་ཐོན་སྐྱེད་ཀྱི་ཉེན་ཁ་འགོག་སྲུང་བྱ་བར་སྔར་ལས་ཤུགས་སྣོན་ཆེད། ཉིས་སྟོང་ཉེར་གསུམ་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་སྲུང་བྱེད་པའི་ནོར་གནག་གི་ཉེན་ཚབ་ཀྱི་ཚད་དེ་ནོར་གནག་གཅིག་ལ་སྒོར་སྟོང་གཉིས་ནས་སྒོར་སྟོང་གསུམ་ལ་ཇེ་མཐོར་བཏང་བ་དང་། བོད་ལུག་གི་ཉེན་ཚབ་ཀྱི་ཚད་དེ་བོད་ལུག་གཅིག་ལ་སྒོར་སུམ་བརྒྱ་ནས་སྒོར་བཞི་བརྒྱ་རུ་ཇེ་མཐོར་བཏང་ལ། འགན་སྲུང་ཆུ་ཚད་སོ་སོར་བརྒྱ་ཆའི་ལྔ་བཅུ་དང་བརྒྱ་ཆའི་སོ་གསུམ་ལ་ཇེ་མཐོར་སོང་།
ནོར་གནག་དང་བོད་ལུག་གི་ཞིང་ལས་ཉེན་འགོག་སྒྲིག་གཞིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་སྒྲིག་གཞིའི་ཁྲོད་བཅུ་ཆའི་བརྒྱད་ཟིན་ཡོད། ཐེངས་འདིའི་ཚད་གཞི་མཐོར་འདེགས་དེ་ཞིང་ལས་ཉེན་འགོག་སྲིད་ཇུས་མགོ་བརྩམས་ནས་བཟུང་ལོ་བཅོ་ལྔའི་རིང་གི་ཐོག་མའི་ལེགས་སྒྲིག་རེད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཁེ་ཕན་ངོ་མ་ཞིག་རེག་ཐུབ་ཆེད། ཕྱོགས་གཅིག་ནས། ཀྲུང་དབྱང་དང་། ཞིང་ཆེན་རིམ་པ། རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་གསར་དུ་བསྣན་ནས་ནོར་གནག་དང་། བོད་ལུག་གི་ཞིང་ལས་ཉེན་འགོག་ཉེན་ཚབ་ལ་བརྒྱ་ཆའི་གྱ་ལྔའི་ཁ་གསབ་སྟེར་བ་དང་། ཞིང་འབྲོག་མང་ཚོགས་སྒེར་གྱིས་རང་འཐད་ངང་བརྒྱ་ཆའི་བཅོ་ལྔ་འགན་ལེན་བྱས་ཆོག ཕྱོགས་གཞན་ཞིག་ནས། ཞིང་ལས་ཉེན་འགོག་ཁྲོད་ཀྱི་ནོར་གནག་དང་བོད་ལུག་ཉེན་ཚབ་ཇེ་མཐོར་གཏོང་ཞོར། མ་སྲུང་ཁེ་ཆུང་གི་རྩ་དོན་ལག་བསྟར་ནན་མོ་བྱེད་པ་དང་། གྲོན་ཚད་ལུགས་མཐུན་ངང་གཏན་ཁེལ་བྱེད་དགོས། དེའི་ནང་། ནོར་གནག་གི་ཉེན་ཚབ་ཀྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡིན་ལ། བོད་ལུག་གི་ཉེན་ཚབ་ཀྱི་ཚད་བརྒྱ་ཆའི་དྲུག་ཡིན་པས། ཞིང་ལས་ཉེན་འགོག་གི་སྲིད་ཇུས་རང་བཞིན་གྱི་སྣེ་ཁྲིད་དང་ཁྲོམ་ར་ཅན་གྱི་འཁོར་རྒྱུག་རྐྱེན་སྲོལ་ནུས་པ་ཕན་འབྲས་ལྡན་པར་འདོན་སྤེལ་བྱས། དེར་བརྟེན། ཉེན་ཚབ་ཁྲོད་ཀྱི་ཞིང་འབྲོག་མང་ཚོགས་སྒེར་གྱི་འགན་ལེན་དངུལ་ནོར་གནག་གཅིག་ལ་སྒོར་ཉེར་བཞི་དང་ཟུར་བདུན་སྐར་མ་ལྔ་དང་། བོད་ལུག་གཅིག་ལ་སྒོར་གསུམ་དང་ཟུར་དྲུག་ཡིན། རང་བྱུང་གནོད་འཚེ་དང་། རི་སྐྱེས་སྲོག་ཆགས་ཀྱིས་གནོད་པ་བསྐྱལ་བ་དང་། ཐོལ་བྱུང་དོན་རྐྱེན་སོགས་ཀྱི་ཉེན་ཁ་ལས་གྱོང་གུན་བཟོས་ཚེ། ཉེན་ཚབ་ནོར་གནག་གཅིག་ལ་སྒོར་སྟོང་གསུམ་དང་བོད་ལུག་གཅིག་ལ་སྒོར་བཞི་བརྒྱ་ལྟར་སྐྱིན་ཚབ་སྤྲོད་རྒྱུ་ཡིན་ལ། ཕན་པ་ཐོབ་པའི་ལྡབ་གྲངས་སོ་སོར་ལྡབ་བརྒྱ་དང་ཉེར་གཅིག་དང་ལྡབ་བརྒྱ་དང་བཅུ་གཅིག་ལ་སླེབས་ཡོད་པས། ཞིང་ལས་ཉེན་འགོག་གིས་ཞིང་འབྲོག་ལས་རིགས་ཀྱི་གནོད་འཚེ་གྱོང་གུན་སེལ་བར་རོགས་རམ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགན་སྲུང་བྱས།
ཉིས་སྟོང་བདུན་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཉེན་འགོག་བྱ་བས་སྲིད་གཞུང་གི་སྣེ་ཁྲིད་དང་། ཁྲོམ་རའི་འཁོར་སྐྱོད། རང་བདག་རང་མོས། མཐུན་སྦྱོར་སྐུལ་སྤེལ་བཅས་ཀྱི་རྩ་དོན་ལྟར། ཧུར་ཐག་གིས་རང་ཞིང་གི་ཞིང་འབྲོག་ལས་རིགས་ཀྱི་འཕེལ་རྒྱས་བཀོད་པ་དང་ཁོར་ཡུག་དང་ནམ་ཟླའི་ཆ་རྐྱེན་དང་འཚམ་པའི་ཞིང་ལས་ཉེན་འགོག་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་བཙུགས་པ་དང་། ལྷག་པར་ཉེ་བའི་ལོ་འདི་འགར། ཞིང་ཆེན་ནོར་སྲིད་གྱིས་ལོ་རེར་ཆ་སྙོམ་གྱིས་བརྒྱ་ཆའི་ཉི་ཤུའི་ཡན་དང་ལོ་རེར་སྒོར་དུང་ཕྱུར་བཞིའི་གཡས་གཡོན་འཕར་བར་བྱས་ཏེ་ཞིང་ལས་ཉེན་འགོག་གི་ཉེན་ཚབ་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཐོན་རྫས་འཕར་སྣོན། ཚད་གཞི་རིམ་སྤོར་སོགས་ཀྱི་ཐད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། ཉིས་སྟོང་ཉེར་གསུམ་ལོར། ཉེན་ཚབ་ཀྱི་སྔོན་རྩིས་སྒྲིག་གཞི་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡིན་ལ། འདེབས་འཛུགས་དང་གསོ་སྤེལ། ནགས་ལས་བཅས་རིགས་ཆེན་པོ་གསུམ་གྱི་རིགས་རྒྱུད་གཙོ་བོ་བཅུ་དགུ་དེའི་ཁྲོད་འདུས་ཡོད།ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་རིགས་ཐོན་སྐྱེད་ལ་སྒོར་ཐེར་ཆེན་བདུན་ལ་ཉེ་བའི་ཉེན་འགོག་འགན་སྲུང་འདོན་སྤྲོད་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུས་སོ་སོ་རུ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་པ་དང་། དགོས་མཁོ་དང་འཚམ་ལ། ཁྱད་ཆོས་འབུར་དུ་ཐོན་པ། ཁྲོམ་རའི་གན་རྒྱ་ཅན་བཅས་གྱི་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་གཞི་རྩའི་སྟེང་ཚུགས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་བརྟན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ལ་ནོར་སྲིད་ཀྱི་སྟོབས་ཤུགས་ཕུལ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།