ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་འབྲུ་རིགས་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་ཉར་གསོག་འབྲུ་རིགས་དོ་དམ་ཚད་ཡོད་ཀུང་ཟིའི་སྒོ་བྱང་བཀལ། དེ་ནི་རང་ཞིང་གིས་འབྲུ་རིགས་འཁོར་རྒྱུག་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་ཟབ་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གི་ཉར་གསོག་འབྲུ་རིགས་ཀྱིས་ཆེ་ཕྱོགས་ཚོད་འཛིན་ཐད་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་བཅས་ཀྱི་ཐད་ནུས་པ་ཆེན་པོ་ལྡན།
ན་ནིང་གི་ལོ་མཇུག་ཏུ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འབྲེལ་ཡོད་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ནས། 2023ལོའི་ཟླ་དྲུག་པའི་ཟླ་མཇུག་གི་སྔོན་དུ། སྔར་ཡོད་ཀྱི་མཚོ་སྔོན་འབྲུ་རིགས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྨང་གཞིའི་སྟེང་། ཞིང་ཆེན་འབྲུ་རིགས་ཅུའུ་ཡི་ཁོངས་གཏོགས་རྒྱལ་དབང་མ་རྩ་ཁེར་འཇོག་ཁེ་ལས་དྲུག་མཉམ་འདྲེས་བྱས་ནས་མཚོ་སྔོན་ཞིང་ཆེན་འབྲུ་རིགས་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་འཛུགས་པ་མ་ཟད། དེའི་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་ཁེ་ལས་མཚོ་སྔོན་ཞིང་ཆེན་ཉར་གསོག་འབྲུ་རིགས་དོ་དམ་ཚད་ཡོད་ཀུང་ཟི་བཙུགས་ནས། སྲིད་ཇུས་རང་བཞིན་དང་ཚོང་གཉེར་རང་བཞིན་གྱི་འགན་ནུས་ཁག་བགོ་བྱེད་པ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཏོན། 2025ལོའི་ལོ་མཇུག་བར་དུ། དབང་འཁྲི་ཁ་གསལ་བ་དང་དོ་དམ་ཚན་རིག་དང་མཐུན་པ། འཁོར་རྒྱུག་ཐད་ནས་ཕན་འབྲས་ལྡན་པ། འགན་སྲུང་ཤུགས་ཡོད་ཀྱི་ཞིང་ཆེན་རིམ་པའི་ཉར་གསོག་འབྲུ་རིགས་དོ་དམ་མ་ལག་འཛུགས་རྒྱུ་རེད།
ལེགས་འགྲུབ་བྱུང་རྗེས་ཀྱི་མཚོ་སྔོན་འབྲུ་རིགས་སྡེ་ཚོགས་ཀྱིས་ཞིང་ཆེན་རིམ་པའི་རྒྱལ་དབང་འབྲུ་རིགས་ཀྱི་རྐང་འཛིན་ཁེ་ལས་སུ་གྱུར་ནས། རྒྱལ་དབང་ཁེ་ལས་ཀྱི་ལམ་བུ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ། ཞིང་ཆེན་རིམ་པའི་ཉར་གསོག་འབྲུ་རིགས་དོ་དམ་དང་དམག་དཔུང་ལ་འབྲུ་རིགས་མཁོ་འདོན་བྱེད་པ། འཕྲལ་བསྟུན་འགན་སྲུང་ལས་འགན་བཅས་ཀྱི་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱལ་དབང་རྒྱུ་ནོར་ལ་དོ་དམ་བཟང་བོ་བྱེད་པ། འབྲུ་རིགས་་ཐོན་ལས་མུ་ཐག་མ་ལག་འཐུས་ཚང་དུ་གཏོང་བ། མཚོ་སྔོན་བྱེ་སྣུམ་གྱི་ཚོང་རྟགས་མིང་གྲགས་ཅན་བསྐྲུན་པ། འབྲུ་རིགས་ཐོན་ལས་ཀྱི་མཉམ་ལས་ཕན་འབྲས་འདོན་སྤེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་བཅས་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།