མཚོ་བྱང་ཁུལ་གྱི་ཚན་རྩལ་དཔེ་སྟོན་གླིང་ཞིག་ལ་རྒྱལ་ཁབ་རིམ་པའི་ངོས་འཛིན་ཐོབ།
2023.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་དཔེ་སྟོན་གླིང་དེ་སྔ་རྗེས་སུ་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གསར་གཏོད་དཔེ་སྟོན་རྟེན་གཞི་དང་། ཚན་རྩལ་པུའུ་ཡིས་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་དུ་གཏན་འཁེལ་བྱས་ལ།  མི་དང་སྤྱི་ཚོགས་ཚན་རིག་པུའུ་ཡིས་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་ཅན་ཞབས་ཞུའི་རྟེན་གཞིར་གཏན་འཁེལ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བྱང་ཁུལ་གྱི་མཐོ་སྒང་གི་སྐྱེ་ཁམས་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་2012ལོར་བསྐྲུན་ཟིན་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་། གླིང་ཁུལ་གྱི་རྒྱ་ཁྱོན་ལ་མུའུ་ཉིས་བརྒྱ་དྲུག་ཅུ་ཡོད། གཞུང་སྒྲུབ་སྦྱོང་བརྡར་ལྟེ་གནས་ཐོག་ཁང་གཅིག་དང་ཚན་རིག་ཞིབ་འཇུག་ཐོག་ཁང་གཅིག གཟན་ཆས་ལས་སྣོན་འཁོར་ཁང་གཅིག་དང་ཚད་གཞི་མཐོ་བའི་ཚོད་ལྟ་ཁང་གཉིས། སྣོད་བཅུད་ཞིང་འབྲོག་ལས་ཀྱི་འགྲེམས་སྟོན་ཁང་གཅིག་དང་ཚད་གཞི་མཐོ་བའི་ཚོད་ལྟའི་ནོར་ལུག་ཁང་བཅུ་དགུ  བོད་ལུག་དང་འབྲི་གཡག་སོགས་རིགས་སོ་སོའི་ཚོད་ལྟའི་སྲོག་ཆགས་ཉིས་སྟོང་ལྷག་ཡོད།

མཚོ་བྱང་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱིས་སྐྱེ་ཁམས་ལ་བརྟེན་ནས་གླིང་ཁུལ་འཛུགས་པ་དང་ཚན་རྩལ་ལ་བརྟེན་ནས་གླིང་ཁུལ་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གླིང་ཁུལ་སྟོབས་ཆེར་གཏོང་བའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུ་དེ་སྣེ་ཁྲིད་དུ་བྱེད་པ་དང་མཐོ་སྒང་གི་སྐྱེ་ཁམས་རོང་འབྲོག་ལས་ལ་གཞི་ཚུགས་པ། ནུས་ཤུགས་ཡོད་རྒུས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་མ་དཔེ་གསར་པ་བསྐྲུན་པ་བཅས་བྱས་ནས་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད་བྱས་འབྲས་གསར་བ་བསྐྲུན་དགོས། 

ཚེ་རིང་ཆོས་མཚོས་བསྒྱུར། (དངོས་སྦྱོང་སློབ་མ།)