ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དུར་མཆོད་དུས་ཆེན་སྐབས་སུ་དུར་ཕྱགས་བྱེད་པའི་མང་ཚོགས་ཇེ་མང་དུ་འགྲོ་སྲིད་པ་དང་། རང་ཞིང་གི་ས་ཆ་སོ་སོས་དཔྱིད་མཉམ་དང་དུར་མཆོད་དུས་ཆེན་སྐབས་ཀྱི་མི་དམངས་མང་ཚོགས་ཀྱི་དུར་ཕྱགས་ཞབས་ཞུའི་འགན་སྲུང་དང་བདེ་འཇགས་དོ་དམ་བྱ་བ་བཟང་བོར་བསྒྲུབ་ནས། མང་ཚོགས་ཀྱིས་བདེ་འཇགས་དང་ལྷད་མེད་པ། དཔལ་ཡོན་ལྡན་པའི་ངང་དུར་ཕྱགས་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།
ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཞབས་ཞུ་ལས་ཁུངས་ཀྱིས་མང་ཚོགས་ཀྱིས་དུར་ཕྱགས་བྱེད་པར་སྟབས་བདེ་བསྐྲུན་པར་རྐང་བཙུགས་ནས། དུར་ཕྱགས་ཐད་ཀྱི་འཕྲལ་བསྟུན་ཇུས་གཞི་དང་མི་སྣ་དང་རླངས་འཁོར་ལ་སྟོན་ཁྲིད་བྱེད་པའི་ཇུས་གཞི། དུར་ཕྱགས་ཞབས་ཞུ་དང་སྣེ་ལེན་ཇུས་གཞི་སྒྲིག་བཟོ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་དང་ཚད་ཆེས་ཆེ་བའི་སྒོ་ནས་མི་འགྲོ་འོང་གི་གྲངས་ཚད་ཇེ་ཉུང་དུ་གཏོང་བ་དང་། མི་འདུ་རུབ་བྱེད་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། སྡེ་བ་དང་གཞིས་ཁུལ་གྱིས་དུར་ཕྱགས་ཐད་ཀྱི་འཕྲལ་བསྟུན་ཐག་གཅོད་ཇུས་གཞི་སྒྲིག་བཟོ་བྱས་ཏེ། ཞིང་སྡེའི་མང་ཚོགས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་དུར་ཕྱགས་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།
ས་ཆ་སོ་སོའི་དམངས་སྲིད་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་བདེ་དང་འགྲིམ་འགྲུལ ནགས་རྩྭ། འཕྲལ་བསྟུན། གྲོང་ཁྱེར་དོ་དམ་སོགས་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་དུར་ཕྱགས་སྐབས་ཀྱི་རླངས་འཁོར་སྟོན་ཁྲིད་དང་སྤྱི་ཐུན་འགྲིམ་འགྲུལ་འགན་སྲུང་། ནགས་རྩལ་རྩྭ་ཐང་གི་མེ་འགོག་དོ་དམ་ཚོད་འཛིན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད། གནས་སྐབས་ཀྱི་དུར་ཕྱགས་བདེ་འཇགས་འགན་སྲུང་། ལྷད་མེད་དཔལ་ཡོན་གྱི་དུར་མཆོད་གྲོས་འདོན་བྱ་འགུལ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།
ས་ཆ་སོ་སོས་མང་ཚོགས་ཀྱི་གཅིག་བསྡུས་དུར་ཕྱགས་བྱེད་པའི་དུས་ཚོད་བཀོལ་སྤྱོད་བཟང་བོ་བྱས་ནས། ཐབས་ལམ་མང་པོ་དང་རྣམ་པ་མང་པོ་སྤྱད་དེ་རྒྱ་ཆེའི་མང་ཚོགས་ལ་གྲོན་ཆུང་སྒོས་འདས་མཆོད་བྱེད་པ་དང་སྐྱེ་ཁམས་ལ་མི་གནོད་པར་དུར་འཇུག་བྱེད་པ། དཔལ་ཡོན་ལྡན་པའི་སྒོ་ནས་དུར་ཕྱགས་བྱེད་པ་སོགས་ཀྱི་འདུ་ཤེས་གསར་བ་དང་དར་སྲོལ་གསར་བ་དྲིལ་སྒྲོག་བྱེད་པ་དང་། དུར་མཆོད་དུས་ཆེན་གྱི་བརྗོད་དོན་རིག་གནས་དྲིལ་སྒྲོག་བྱ་འགུལ་སྤེལ་བ། བདེ་འཇགས་དང་དཔལ་ཡོན་ལྡན་པའི་སྒོ་ནས་དུར་ཕྱགས་བྱེད་པའི་གྲོས་འགོ་འདོན་པ། དཔལ་ཡོན་ལྡན་པའི་སྒོ་ནས་དུར་ཕྱགས་བྱེད་པ་དང་ནགས་ཚལ་རྩྭ་ཐང་གི་མེ་འགོག་ཤེས་བྱ་སྒྲོག་འགྲེལ་བྱས་ནས། མང་ཚོགས་རང་རྟོགས་སྒོས་དཔལ་ཡོན་ལྷད་མེད་ཀྱི་དུར་ཕྱགས་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།