ཉིས་སྟོང་ཉེར་གསུམ་ལོའི་རྨ་ཆུའི་སྟོད་རྒྱུད་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཕྱོགས་བསྡུས་རྟོག་ཞིབ་བྱེད་སྒོ་སྤེལ།
2023.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉེ་ལམ། ཉིས་སྟོང་ཉེར་གསུམ་ལོའི་རྨ་ཆུའི་སྟོད་རྒྱུད་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཕྱོགས་བསྡུས་རྟོག་ཞིབ་བྱ་འགུལ་རྨ་ཆེན་གངས་རི་ནས་སྤེལ། བྱ་འགུལ་གྱི་དམིགས་ཡུལ་ནི་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་འཁྱགས་རོམ་ཞུ་བཞིན་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྨ་ཆུའི་སྟོད་རྒྱུད་ཀྱི་འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་གཤིས་གནོད་འཚེ་ལ་སྔོན་བརྡ་གཏོང་ཆེད་རེད། 

ཐེངས་འདིའི་ཚན་རིག་རྟོག་ཞིབ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་སྣེ་ཁྲིད་ནས་ཀྲུང་གོའི་ཚན་རིག་གླིང་སློབ་ཆེན་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་། མཚོ་སྔོན་སློབ་ཆེན་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་བཅས་མཉམ་དུ་ཞུགས་ཡོད། རྟོག་ཞིབ་ཚོགས་པ་ཡུལ་དངོས་སུ་ཕྱིན་ཏེ་རྨ་ཆེན་གངས་རི་དང་དེའི་མཐའ་སྐོར་ས་ཁུལ་གྱི་འཁྱགས་རོམ་དང་ཆུའི་ཐོན་ཁུངས་ཀྱི་འགུལ་རྣམ་འགྱུར་ལྡོག་དང་། ཐལ་དྲགས་པའི་གནམ་གཤིས་ཀྱིས་སྒོ་ཕྱུགས་དང་རི་སྐྱེས་སྲོག་ཆགས། འབྲོག་པའི་འཚོ་བ་བཅས་ལ་ཐེབས་པའི་ཤུགས་རྐྱེན་དང་། མཐའ་སྐོར་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ལ་དམིགས་ནས་ཡུལ་དངོས་སུ་རྟོག་ཞིབ་ཞིབ་འཇུག་བྱས།

ངོ་སྤྲོད་བྱས་པ་ལྟར་ན། རྟོག་ཞིབ་ཁྲོད་ཞིབ་འཇུག་ས་ཁུལ་གྱི་འཁྱགས་རོམ་གྱི་འཁོར་སྐར་རྒྱང་ཚོར་བརྙན་རིས་དང་ཞིབ་འཇུག་ས་ཁུལ་གྱི་རང་བྱུང་མི་ཆོས་ཐོན་ཁུངས་བརྟག་དཔྱད་ཀྱི་རྨང་གཞི། གཙང་བོ་སོ་སོའི་དཔེ་མཚོན་ཆུ་ཕུང་དང་ས་རྒྱུ། སྔོ་ཁེབས་ཀྱི་ཐཱན་གསོག་ཚད། རྨ་ཆུའི་སྟོད་རྒྱུད་ཀྱི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་སོགས་ཀྱི་སྙན་ཞུ་གྲུབ་པར་བྱེད་རྒྱུ་ཡིན་ལ། ནང་དོན་ཐད་ཞིབ་འཇུག་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་གསོག་འཇོག་དང་མི་ཆོས་ལྗོངས་རྣམ། རང་བྱུང་གནོད་འཚེའི་ཉེན་ཁའི་དཔྱད་འཇོག། མཐའ་སྐོར་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས། དམངས་ཚིས་གྲོང་གསེབ་དར་སྤེལ་སོགས་འདུས།

བཀྲ་ཤིས་ལྷ་མོས་བསྒྱུར། (དངོས་སྦྱོང་སློབ་མ)