ཟླ3ཚེས17ཉིན་གྱི་ཕྱི་དྲོར། ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་འཛུགས་པའི་མཛད་སྒོའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་གཉིས་ཀན་ལྷོ་ཁུལ་དཔེ་མཛོད་ཁང་དུ་འཚོགས།
ཚོགས་འདུར།《ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་འདེམས་བསྐོའི་བྱ་ཐབས(འཆར་ཟིན)》དང《ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་སྒྲིག་ཡིག(འཆར་ཟིན)》དང་།《ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་དོ་དམ་བྱ་ཐབས(འཆར་ཟིན)》 སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། འདེམས་ཤོག་འཕངས་ཏེ་ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། ཚོགས་གཙོ། ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ་བཅས་འདེམས་བསྐོ་བྱས།
ཀན་ལྷོ་ཁུལ་དམངས་སྲིད་ཅུས་ཀྱི་མགོ་ཁྲིད་ཀྱིས《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུས་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐང་གའི་སྒྱུ་རྩལ་མཐུན་ཚོགས་འཛུགས་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》སྒྲོག་འདོན་ བྱས་ཤིང་། འབྲེལ་ཡོད་མགོ་ཁྲིད་ཀྱིས་ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་སྒོ་བྱང་སྤྲད་ཅིང་མཐུན་ཚོགས་ཀྱི་མ་འོངས་པའི་ལམ་བུ་དང་འཕེལ་རྒྱས་ལ་རེ་བ་དང་བླང་བྱ་ནན་མོ་བཏོན།
ཁོ་ཚོས་མཉམ་ལས་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད་དང་ཁྱད་ཆོས་དང་རྣམ་པ་མི་འདྲ་བའི་སྒྱུ་རྩལ་རིག་གནས་འདིར་ཉམས་མྱོང་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ཆེད། མིག་སྔར་ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་སུ་ཀན་ལྷོ་གཙོ་བྱས་པའི་བོད་འབྲེལ་ས་ཁུལ་སོ་སོ་ནས་ཡོང་བའི་ཚོགས་མི60ལྷག་ཡོད་པ་རེད།
མདམས་ཐོན་བྱུང་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་ཚེ་བརྟན་གྱིས་བཤད་རྒྱུར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་དང་རིམ་པ་ཁག་གི་ཐུགས་ཁུར་རྒྱབ་སྐྱོར་འོག་ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་དངོས་སུ་འཛུགས་ཐུབ་པ་བྱུང་བས་ངས་སྤྲོ་སེམས་ཆེན་པོས་ལྷན་རྒྱས་ལ་བཀའ་དྲིན་ཞུ། ཐང་གའི་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱིས་ཕྱུག་པའི་རིག་གནས་བང་མཛོད་ཁྲོད་ཀྱི་ནོར་བུ་ཞིག་ཡིན་པ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་གོ་སྐབས་བཟང་པོ་དང་འཕྲད་སྐབས། ང་ཚོས“རིག་གནས་ཀྱི་གདེང་ཚོད”དང“རིག་གནས་ཀྱི་རང་རྟོགས”སྔར་ལས་ཆེ་རུ་བཏང་སྟེ། “རིག་གནས་ཀྱི་ཁྲིད་སྟོན”གྱི་ནུས་པ་སྔར་ལས་འདོན་སྤེལ་དང་། མཐུན་ཚོགས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ། ཕུལ་བྱུང་གི་བརྩམས་ཆོས་ཤེས་རྟོགས་དང་དྲིལ་བསྒྲགས་འོས་སྦྱོར་སོགས་བྱས་ནས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཐང་གའི་སྒྱུ་རྩལ་འདི་སྔར་ལས་རྒྱུན་འཛིན་དར་སྤེལ་གྱི་ཕྱོགས་ལ་འབད་པ་བྱ་ངེས་ཡིན་པ་མ་ཟད་ས་གནས་ཀྱི་ཐང་ག་འབྲི་བཞེངས་བྱེད་མཁན་དང་རྒྱུན་འཛིན་མཁན་གང་མང་ཞིག་གསོ་སྐྱོང་ལ་ཤུགས་འདོན་པ། རྡོག་རྩ་གཅིག་སྒྲིལ་དང་ཇུས་ཤུགས་མཉམ་འདོན་གྱིས་རིག་གནས་ཀྱི་རྣམ་པ་གསར་བ་བཏོད་དེ་ཁུལ་ཡོངས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།
ཚོགས་འདུ་གྲོལ་རྗེས། དུང་ཕྲུག་ནོར་ལྷའི་ཕོ་བྲང་གི་ཉིས་ཐོག་གམ་ཀན་ལྷོ་ཁུལ་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ལྟེ་གནས་སུ་མཐུན་ཚོགས་ཀྱི་ཚོགས་མི་དག་གི་བརྩམས་ཆོས་ཐང་ག་རིགས་སྣ་ཚོགས130ལྷག་འགྲེམས་སྟོན་བྱས།