ད་ལོའི་ཟླ་དང་པོ་ནས་ཟླ་གཉིས་པའི་བར་རང་ཞིང་གི་དཔལ་འབྱོར་བརྟན་འཇགས་སྒོས་འཕར་སྣོན་བྱུང་།
2023.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱིས་བརྟན་ཐོག་ཡར་འཕེལ་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཤིང་། གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། རྩ་འཛུགས་བྱས་ཏེ་འགུལ་སྐྱོད་ཆེན་པོ་དགུ་ལག་བསྟར་བྱས་ལ། ཚོང་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་བ་དང་། ཚོང་རའི་སྔོན་དཔག་དུས་སྐབས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་ནས་ཁེ་ལས་བརྟན་འཇགས་དང་བསྐྱར་འཕར་བྱུང་བའི་རྣམ་པ་བཟང་བོ་མངོན་པར་བྱས། ད་ལོའི་ཟླ་དང་པོ་ནས་ཟླ་གཉིས་པའི་བར། ཞིང་ཆེན་ཡོངས་ཀྱི་ལས་རིགས་གཙོ་བོ་སླར་གསོ་བྱས་ཚད་བཟང་ཞིང་གཞི་ཁྱོན་ཡན་གྱི་བཟོ་ལས་དང་བརྟན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་འཕར་སྣོན་བྱུང་བ་སྲུང་འཛིན་བྱས་པ་དང་། ཞབས་ཞུའི་ལས་རིགས་རིམ་བཞིན་སླར་གསོ་བྱས་ཤིང་འགྲིམ་འགྲུལ་དངུལ་རྩའི་འདེགས་ཤུགས་སྔར་ལས་ཇེ་ཆེར་གྱུར།

བཟོ་ལས་འཕར་ཚད་ལ་རྒྱུན་མཐུད་སྒོས་ཤུགས་བསྐྱེད་པ་དང་། ལས་རིགས་ཆེན་པོ་ལྔའི་འདེགས་ཤུགས་སྔར་ལས་ཇེ་ཆེར་སོང་། ཟླ་དང་པོ་ནས་ཟླ་གཉིས་པའི་བར། ཞིང་ཆེན་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་རིན་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་གསུམ་ལྷག་འཕར་བ་དང་། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་བརྒྱད་ལས་མཐོ།

བརྟན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་འཕར་སྣོན་བྱུང་བ་དང་གསར་བཟོ་ལས་རིགས་ཀྱི་དངུལ་གཏོང་ནུས་པ་ཇེ་ཆེར་གྱུར། ཟླ་དང་པོ་ནས་ཟླ་གཉིས་པའི་བར། ཞིང་ཆེན་ཡོངས་སུ་བརྟན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་བ་དང་། འཕར་ཚད་ལོ་སྔོན་མ་ལོའི་བརྒྱ་ཆའི་དགུ་དང་གྲངས་ཆུང་ལྔ་ཡི་ཇེ་མཐོར་སོང་།

འགྲིམ་འགྲུལ་སྐྱེལ་འདྲེན་གོ་རིམ་ལྡན་པར་སླར་གསོ་བྱས་པ་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་འདེགས་ཤུགས་བརྟན་འཇགས་སུ་གྱུར། ཟླ་དང་པོ་ནས་ཟླ་གཉིས་པའི་བར། ཞིང་ཆེན་ཡོངས་སུ་འགྲུལ་བ་སྐྱེལ་འདྲེན་བྱས་ཚད་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་བཞི་འཕར་སྣོན་བྱུང་བ་དང་། ཉིས་སྟོང་ཉེར་གཉིས་ལོར་འགྲུལ་བ་སྐྱེལ་འདྲེན་བྱས་ཚད་དམའ་བའི་རྣམ་པ་ལེགས་སྒྱུར་བྱས།

                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།