ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་རྩྭ་ཐང་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྔར་ལས་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་ནགས་དཔོན་རྩྭ་དཔོན་གྱི་རྩྭ་ཐང་ལྟ་སྐུལ་དོ་དམ་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། ཞན་འགྱུར་རྩྭ་སའི་བཅོས་སྐྱོང་མྱུར་དུ་སྤེལ་བ ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་ཞེས་པ་དང་མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་རྩྭ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དང་ཟུང་འབྲེལ་བྱེད་པ། དུས་སྐབས་གསར་པའི་རྩྭ་ཐང་སྲུང་སྐྱོབ་དང་སླར་གསོ་བྱ་བའི་བླང་བྱར་དམིགས་ནས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིབ་འཇུག་གཏན་འབེབས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་རྩྭ་དཔོན་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་དོ་དམ་འགན་འཁྲིའི་རྩིས་ཁྲ་ཕྱིར་བཏོན།
རྩྭ་ཐང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་འགན་འཁྲིའི་རྩིས་ཁྲ་ཉེར་གཅིག་ལེགས་སྒྲིག་བྱས་པ་དང་། དེའི་ནང་དུ་རྩྭ་ཐང་གི་ཐོན་ཁུངས་དོ་དམ་དང་རྩྭ་ཐང་སྲུང་སྐྱོབ། རྩྭ་ཐང་སླར་གསོ། རྩྭ་ཐང་གི་སྲིད་འཛིན་ཁྲིམས་འཛིན། རྩྭ་ཐང་ཐོན་ཁུངས་ཐད་ཀྱི་ལྟ་སྐུལ་དོ་དམ། རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག རྩྭ་ཐང་གི་ཐཱན་འདུས་ཚད། རྩྭ་ཐང་གི་རང་བྱུང་སྤྱི་གླིང་འཛུགས་སྐྲུན། རྩྭ་ཐང་གི་རི་སྐྱེས་སྐྱེ་དངོས་འཚོལ་སྡུད། རྩྭ་འདེབས་རྟེན་གཞི་འཛུགས་སྐྲུན། གནོད་ལྡན་སྐྱེ་དངོས་འགོག་བཅོས། རྩྭ་ཐང་གི་འབྲེལ་ཡོད་འགྲོ་ལུགས་ཁྲིམས་ལྟར་སྒྲུབ་ནས་བཀོལ་སྤྱོད་བྱེད་པ་སོགས་ཕྱོགས་ཀྱི་ནང་དོན་འདུས།
མཚོ་སྔོན་ནི་རང་རྒྱལ་གྱི་འབྲོག་ཁུལ་ལྔའི་གྲས་ཀྱི་གཅིག་ཡིན་པ་དང་། རང་བྱུང་རྩྭ་སའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་ལྔ་དང་བྱེ་བ་དགུ་ས་ཡ་གཉིས་ཡོད་ལ། དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་དྲུག་བདུན་ཡིན་པ་དང་། རྒྱལ་ཡོངས་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་དགུ་གཉིས་ཟིན།
མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཚའེ་ཕེ་ཡུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་རྩྭ་ཐང་གི་ཁ་གསབ་བྱ་དགའ་དང་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་སོགས་སྲིད་ཇུས་དང་བཟོ་སྐྲུན་གལ་ཆེན་ལག་བསྟར་དང་། མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་རྩྭ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་པ། རིམ་པ་སོ་སོའི་དོ་དམ་སྒྲིག་གཞིའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་རྩྭ་ཐང་སྲུང་སྐྱོབ་དོ་དམ་བྱ་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། ལོ་མང་པོའི་རིང་གི་འབད་བརྩོན་བརྒྱུད་དེ། རང་ཞིང་གི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་། ཉིས་སྟོང་ཉེར་གཉིས་ལོར། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་དགུ་ལ་སླེབས་པ་དང་། གཟན་རྩྭའི་ཐོན་ཚད་ཏུན་བྱེ་བ་དགུའི་ཡན་སྲུང་འཛིན་བྱས་ཏེ་རྩྭ་ཐང་སྲུང་སྐྱོབ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གྲུབ་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།