ཞིང་ཆེན་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2023.03.21 ཁུངས། ཀློག་གྲངས། 24

མཁོ་འཚོང་མཉམ་ལས་ཁང་གི་སྐབས་བདུན་པའི་ལས་འཛིན་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང་གིས་ཞིང་ལས་ཞབས་ཞུའི་ལས་འགན་གཙོ་བོའི་འགན་འཁུར་གཙིགས་སུ་བཟུང་ནས། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ་དང་། མཁོ་འཚོང་མཉམ་ལས་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཁོ་འཚོང་མ་ལག་ཁྲོད་དུ་མཁོ་འཚོང་གི་སྤྱིའི་གྲངས་འབོར་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་དུང་ཕྱུར་གསུམ་བྱེ་བ་བདུན་ས་ཡ་གཉིས་མངོན་འགྱུར་བྱས་ལ།  དེ་ཉིས་སྟོང་ཉེར་གཅིག་ལོ་དང་བསྡུར་ན་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བཞི་དགུ་འཕར།

ཞིང་ཆེན་མཁོ་འཚོང་ཁང་གིས་གྲོང་གསེབ་དར་སྤེལ་ཁྲོད་དུ་འགན་འཁུར་གཙོ་བོ་ཐེག་ཐུབ་ཆེད་དུ་ཕྱོགས་ཡོངས་ནས་ཞབས་ཞུ་སྒྲུབ་ནས། རང་ཞིང་གི་ཞིང་འབྲོག་ལས་ཐོན་སྐྱེད་མཁོ་སྤྲོད་ལ་ཤུགས་ཡོད་འགན་སྲུང་བྱས། ཉིས་སྟོང་ཉེར་གཉིས་ལོའི་དཔྱིད་རྨོའི་དུས་སྐབས་སུ། མཁོ་ཚོང་གི་ཚད་ཏུན་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་དགུ་བརྒྱར་སླེབས་ལ། དེས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་རྒྱུ་ཆས་ཀྱི་མཁོ་སྤྲོད་ལ་འགན་སྲུང་བྱེད་ཐུབ་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་པ་བརྗོད་གཞི་བྱས་ཏེ། ཞིང་ཆེན་ཕྱིའི་འགྲེམ་སྟོན་གྱི་སྒེའུ་སྟེགས་བཙུགས་ནས། ཆེད་དོན་སྐུལ་སྤེལ་ཚོགས་འདུ་བསྡུ་བ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ་ཁྲོམ་ར་རྒྱ་སྐྱེད་བཏང་ལ། ལོ་ཧྲིལ་བོའི་ཞིང་ཞོར་ཐོན་རྫས་ཀྱི་མཁོ་ཚོང་ཚད་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་རེད། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་གསུམ་འཕར་འདུག  དུས་མཉམ་དུ། ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཞན་ས་ཁ་གསབ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཇེ་དམ་དུ་བཏང་སྟེ། ཐོན་སྐྱེད་དང་མཁོ་འཚོང་། ཡིད་རྟོན་བཅས་ཕྱོགས་གསུམ་གཞི་གཅིག་གི་ཕྱོགས་བསྡུས་མཉམ་ལས་ཚོད་ལྟ་ལྟེ་གནས་དེ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས་ཏེ། ནོར་ལུག་བདག་དམ་ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁྱབ་ཁོངས་སྔར་མེད་རྒྱ་སྐྱེད་བཏང་། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།