མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས2023ལོའི་ཞིང་བ་ཞོར་ལས་པར་ཞབས་འདེགས་ཞུ་བའི་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུའི་འགུལ་སྐྱོད་སྤེལ།
2023.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས2023ལོའི་ཁྲིམས་སྲུང་ཁྲིམས་བརྩི་བྱས་ནས་ཕུགས་འདུན་མངོན་འགྱུར་བྱེད་པའི་ཞིང་བ་ཞོར་ལས་པར་ཞབས་འདེགས་ཞུ་བའི་སྤྱི་ཕན་བཅའ་ཁྲིས་ཞབས་ཞུའི་འགུལ་སྐྱོད་སྤེལ་བའི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། 2023ལོའི་ཞིང་བ་ཞོར་ལས་པར་ཞབས་འདེགས་ཞུ་བའི་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུའི་འགུལ་སྐྱོད་དངོས་སུ་སྤེལ་འགོ་བརྩམས་ཏེ། ཞིང་བ་ཞོར་ལས་པའི་ལས་རྣམ་གསར་བའི་ངལ་རྩོལ་པའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བཅའ་ཁྲིམས་ཞབས་ཞུའི་འགུལ་སྐྱོད་ཀྱིས་ལས་རྣམ་གསར་བའི་ངལ་རྩོལ་པའི་མི་ཚོགས་གཙོར་བཟུང་ནས། སྤྱི་ཕན་རང་བཞིན་དང་ཆེད་ལས་རང་བཞིན། ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། གཙོ་བོར་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་རྒྱབ་རྟེན་ནས་ལས་ཞུགས་བྱེད་པའི་ཟོག་འཁོར་གྱི་ཁ་ལོ་བ་དང་དངོས་སྐྱེལ་བ། ཕྱིར་འཚོང་དངོས་སྐྱེལ་བ་སོགས་མི་ཚོགས་ཀྱི་ཞབས་ཞུ་འགན་སྲུང་བྱེད་ཚད་ཆེར་གཏོང་བ་དང་། མཉམ་འབྲེལ་ཞབས་ཞུའི་སྟེགས་བུ་འཛུགས་པ། སྣེ་ཁྲིད་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དེ། ལས་རྣམ་གསར་བའི་ངལ་རྩོལ་པའི་སྣ་མང་ཅན་གྱི་བཅའ་ཁྲིམས་ཞབས་་ཞུའི་དགོས་མཁོ་སྐོང་རྒྱུ་རེད།

བཅའ་ཁྲིམས་ཞབས་ཞུའི་འགུལ་སྐྱོད་ཁྲོད། ལས་རྣམ་གསར་བའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཏང་དང་སྲིད་གཞུང་གི་སྟེགས་བུ་དཔལ་འབྱོར་ཚད་ལྡན་དང་འཕེལ་རྒྱས་སུ་གཏོང་བ། ལས་རྣམ་གསར་བའི་ངལ་རྩོལ་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྲིད་ཇུས་གཏན་ཁེལ་དྲིལ་སྒྲོག་བྱེད་རྒྱུ་ཡིན་ལ། ཆེད་ལས་ཁྲིམས་རྩོད་པ་རྩ་འཛུགས་བྱས་ནས་ཁེ་ལས་ལ་ངལ་རྩོལ་མི་བཀོལ་གྱི་ཁྲིམས་སྐྱོང་ལུས་དཔྱད་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ངལ་རྩོལ་མི་བཀོལ་གྱི་ཁྲིམས་སྐྱོང་ལུས་དཔྱད་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས། ལས་རྣམ་གསར་བའི་ཁྱབ་ཁོངས་ཀྱི་དཔེ་མཚན་རང་བཞིན་དང་འབྱུང་ཚད་མང་བའི་ངལ་རྩོལ་མི་བཀོལ་བཅའ་ཁྲིམས་ཐད་ཀྱི་ཉེན་ཁའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་རྒྱུ་རེད། བཟོ་ཚོགས་ཀྱི་བར་འདུམ་དང་ངལ་རྩོལ་འགལ་རྩོད་འདུམ་གཅོད་ཀྱི་མཉམ་འབྲེལ་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། བཟོ་ཚོགས་ཀྱི་སྔོན་བསྐྱོད་བར་འདུམ་ལམ་ལུགས་འཚོལ་ཞིབ་འཛུགས་སྐྲུན་བྱེད་པ། ད་ཡོད་ཀྱི་ཁྲིམས་ཁང་དང་བཟོ་ཚོགས་མཉམ་འབྲེལ་གྱི་ཞུ་གཏུག་བར་འདུམ་གྱི་སྦྲེལ་མཐུད་སྟེགས་བུར་རྒྱབ་རྟེན་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་གྱོད་སྒྲུབ་ཐད་ཀྱི་ཉམས་མྱོང་ཡོད་པའི་སྤྱི་ཚོགས་ཁྲིམས་རྩོད་པ་ཆེད་ཞུ་བར་འདུམ་པའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། ལས་རྣམ་གསར་བའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ངལ་རྩོལ་འགལ་ཟླའི་ཞུ་གཏུག་སྔོན་གྱི་བར་འདུམ་དང་ཞུ་གཏུག་བྱེད་སྐབས་ཀྱི་བར་འདུམ་གྱི་གྲུབ་འབྲས་མཐོར་འདེགས་གཏོང་རྒྱུ་རེད། བཅའ་ཁྲིམས་རོགས་སྐྱོར་གྱི་ལམ་ལུགས་རྐྱེན་སྲོལ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ལས་རྣམ་གསར་བའི་ངལ་རྩོལ་པས་ངལ་རྩོལ་འབྲེལ་བ་གཏན་ཁེལ་བྱེད་པའི་རེ་ཞུ་དང་ངལ་རྩོལ་བྱས་པའི་ཟླ་ཕོགས་སྟེར་བ། ལས་རྐྱེན་རྨས་སྐྱོན་གྱི་སྐྱིན་ཚབ་འཇལ་བ། སྤྱི་ཚོགས་ཉེན་སྲུང་དངུལ་སྟེར་བ་སོགས་ཀྱི་བྱ་བ་ཁྲིམས་ལྟར་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་བཞག་སྟེ། ཆ་རྐྱེན་དང་མཐུན་པའི་ལས་རྣམ་གསར་བའི་ངལ་རྩོལ་པའི་ཁྲོད་ཀྱི་རོགས་བྱེད་འོས་པ་་ཚང་མར་རོགས་བྱེད་པ་དང་། རོགས་བྱེད་འོས་པ་ཚང་མ་གཙོར་བཟུང་ནས་རོགས་བྱེད་པ། རོགས་བྱེད་འོས་པ་ཚང་མར་མྱུར་དུ་རོགས་རམ་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།