ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་ཁྱད་ལྡན་འགྲེམ་སྟོན་དེ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་ཨང་ཀའི་རྟེན་མཛོད་ཁང་ནས་ཀུན་གྱི་མིག་ལམ་དུ་མངོན། ཐེངས་འདིའི་ཁྱད་ལྡན་འགྲེམ་སྟོན་པར་རིས་མང་པོས་རྨ་ལྷོ་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་སྲོལ་རྒྱུན་སྡེ་བ་དགུ་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད།
ད་ལྟ་རྨ་ལྷོ་ཁུལ་དུ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་ཁྲོད་ཚུད་པའི་སྡེ་བ་ང་བཞི་ཡོད་པ་དང་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་སྡེ་བ་མཉམ་འདུས་དང་ཡུག་གཅིག་ཏུ་འབྲེལ་བའི་སྲུང་སྐྱོབ་བེད་སྤྱོད་དཔེ་སྟོན་གྲོང་ཁྱེར་བཅུའི་གྲས་ཀྱི་གཅིག་ཡིན། རང་རེའི་ཞིང་ཆེན་གྱི་ས་མཐོའི་རི་ཁུལ་དང་རོང་འབྲོག་ཟུང་འབྲེལ་གྱི་སྲོལ་རྒྱུན་སྡེ་བའི་མཚོན་བྱེད་ཡིན་པའི་ཆ་ནས། ས་ཁུལ་དེའི་སྲོལ་རྒྱུན་སྡེ་བ་གཙོ་བོ་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་། རྨ་ཆུ་དང་རོང་བོ་དགུ་ཆུའི་འགྲམ་རྒྱུད་དུ་འདུས་ཡོད། དེའི་ཁྲོད་མཚོ་འཕགས་ཅུང་དམའ་བའི་སྡེ་བས་ཞིང་ལས་གཙོར་གཉེར་པ་དང་། མཚོ་འཕགས་ཅུང་མཐོ་བའི་སྡེ་བས་ཞིང་ཕྱུགས་གཉིས་ཀ་གཉེར་གྱིན་ཡོད་ལ། རང་བྱུང་མཛེས་ལྗོངས་སྣ་ཚོགས་དང་འོད་སྟོང་འཕྲོ་བའི་མི་རིགས་ཀྱི་དམངས་སྲོལ་རིག་གནས་ངང་གིས་གྲུབ་ཡོད། ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་ཨང་ཀའི་རྟེན་མཛོད་ཁང་ནི་རྒྱལ་ཁབ་ཀྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་གསར་སྤེལ་དང་འཛུགས་སྐྲུན་བྱེད་པའི་སྲོལ་རྒྱུན་སྡེ་བའི་ཁྱོན་ཡོངས་རང་བཞིན་དང་ཀུན་བཏུས་རང་བཞིན་གྱི་འགྲེམས་སྟོན་ལས་སྟེགས་ཡིན་ལ། ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་ཕུན་སུམ་ཚོགས་པའི་ཤུལ་བཞག་རིག་གནས་དང་རྨོ་འདེབས་ཀྱི་ཤེས་དཔལ་གཅིག་སྡུད་ཀྱིས་མངོན་ཡོད་པས་རྒྱལ་ཁབ་ཀྱི་རིག་གནས་མཉེན་གཤིས་ཇེ་དྲག་ཏུ་གཏོང་བ་དང་། སྡེ་བ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ལྡན།
ཤེས་རྟོགས་བྱུང་བར་ལྟར་ན། དྲ་ལམ་དུ་ཞུགས་ཟིན་པའི་སྲོལ་རྒྱུན་སྡེ་བ་དགུ་ཕུད་རྗེས་ཀྱི་རྨ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྡེ་བ་ཞེ་ལྔ་ཡང་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་ཨང་ཀའི་རྟེན་མཛོད་ཁང་དུ་འཇུག་རྒྱུ་རེད།
ཚེ་རིང་ཆོས་མཚོས་བསྒྱུར། (དངོས་སྦྱོང་སློབ་མ)