ཟླ་གསུམ་པའི་ཚེས་གཉིས་ནས་ཚེས་དྲུག་ཉིན། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་དྲ་ཚིགས་སྟེང་སྤྱི་བསྒྲགས་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཀྱི་རིམ་པ་དང་པོའི་ཆུ་ལག་ཙོང་ཆུའི་བཞུར་རྒྱུད་ཀྱི་ཟི་ལིང་བར་འཚམས་དང་མདོ་དབུས་མཐོ་སྒང་སྐྱེ་ཁམས་ལྕགས་རི་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆུའི་ཆུ་མགོའི་ནགས་རྩྭ་ཞན་འགྱུར་བསྐྱར་གསོ་དང་བཅོས་སྐྱོང་གི་ལས་གཞི་གཉིས་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་སྟོན་ལས་གཞི་རུ་ཚུད་པ་དང་། འདི་ནི་རང་རེའི་ཞིང་ཆེན་གྱིས་བསྟུད་མར་ལོ་གསུམ་ལ་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་སྟོན་ལས་གཞིའི་ཁྲོད་ཚུད་པ་རེད།
མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཀྱི་རིམ་པ་དང་པོའི་ཆུ་ལག་ཙོང་ཆུའི་འབབ་རྒྱུད་ཀྱི་ཟི་ལིང་བར་མཚམས་ཀྱི་དཔེ་སྟོན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་བ་དང་། ནགས་རྩྭའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་གཅིག་དང་སྟོང་བཞི་དགུ་བརྒྱ་ཡོད་ཅིང་། ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་སྲུང་སྐྱོང་བྱས་པ་དང་། ཙོང་ཆུ་འབབ་རྒྱུད་དང་རྨ་ཆུའི་དབུས་སྨད་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་བྱེད་པར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལྕགས་རི་ཁུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆུའི་ཆུ་མགོའི་ནགས་རྩྭ་ཞན་འགྱུར་བསྐྱར་གསོ་དང་བཅོས་སྐྱོང་གི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་ལ། ནགས་རྩྭའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་གཉིས་དང་སྟོང་བཞི་དགུ་བརྒྱ་ཡོད་ལ། དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ནགས་རྩྭའི་སྐྱེ་ཁམས་མ་ལག་གི་ཆུ་མགོའི་་གསོག་འཛིན་དང་ཐཱན་འདུས་ནུས་པ་ཆེ་རུ་བསྐྱེད་པ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཐེངས་འདིའི་ལས་གཞི་སྙན་ཞུ་བྱ་བའི་ཁྲོད། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྐྱེ་ཁམས་དགོས་མཁོ་དང་ས་བབ་ཀྱི་བཟང་ཆ། ཐོན་ཁུངས་ཀྱི་ཁྱད་ཆོས། རྨང་གཞིའི་སྒྲིག་བཀོད། ཐོན་སྐྱེད་གཉེར་སྐྱོང་གི་ཐབས་ལམ་དང་དོ་དམ་གྱི་འདུ་ཤེས། དཔེ་སྟོན་ཕན་འབྲས་སོགས་ཀྱི་ཐད་ནས་དབྱེ་ཞིབ་ཟབ་མོ་བྱས་ཏེ་ལས་གཞི་ལག་བསྟར་གྱི་གཙོ་གནད་ཁྱབ་ཁོངས་ཁ་གསལ་བཟོས། དུས་མཚུངས་སུ་ཞིང་ཆེན་ནོར་སྲིད་ཐིན་དང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་། མགོ་ལོག་ཁུལ་སྲིད་གཞུང་བཅས་ཀྱིས་མཉམ་དུ་ལས་གཞི་ལག་བསྟར་ཇུས་གཞི་ལ་དཔྱད་ཞིབ་བྱས་ཏེ། རང་འགུལ་གྱིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་ལས་གཞི་ཡར་ཞུ་དང་། མ་ལག་མཛོད་དུ་འཇུག་པའི་དོ་དམ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་སྟེ། རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་སྟོན་ལས་གཞིའི་རེ་ཞུ་ལེགས་འགྲུབ་འབྱུར་བར་རྨང་གཞི་བཏིང་། ས་ནག་དངགྲམ་ཐང་གི་རྩྭ་ས་ཞན་འགྱུར་གྱི་བཅོས་སྐྱོང་བྱ་བ་ལེགས་པོར་བསྒྲུབ་ཆེད་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྔོན་གྱི་ས་ནག་གྲམ་ཐང་བཅོས་སྐྱོང་གི་ཉམས་མྱོང་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་ས་ནག་དང་གྲམ་ཐང་དེ་རྒྱལ་ལྗང་སྒྱུར་གྱི་གཙོ་གནད་དུ་བཟུང་ནས། རྒྱལ་ཁབ་ནགས་ལས་གླིང་ལ་མགོ་ལོག་ཁུལ་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་བསྐྱར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་སྟོན་ལས་གཞི་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱ་རྒྱུ་མངགས་བཅོལ་བྱས།
བཀྲ་ཤིས་ལྷ་མོས་བསྒྱུར། (དངོས་སྦྱོང་སློབ་མ)