ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཉེ་ལམ། རྒྱལ་ཁབ་ནགས་རྩྭ་ཅུའུ་ནུབ་བྱང་རྟོག་ཞིབ་འཆར་འགོད་གླིང་གིས་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བྱེ་གྱུར་ས་ཁུལ་བཀག་སྡོམ་སྲུང་སྐྱོབ་ཁུལ་གྱི་ཕན་འབྲས་ལྟ་ཞིབ་ལས་གཞི་དངོས་སུ་སྤེལ་མགོ་བརྩམས། ཐེངས་འདིའི་ལྟ་ཞིབ་ཀྱི་ནང་དོན་གཙོ་བོ་ནི་ཆེས་གསར་བའི་ལྟ་ཞིབ་ལག་རྩལ་དང་བྱེད་ཐབས། ཐབས་ལམ་བཅས་ཀྱི་རྣམ་པས་ནམ་མཁའ་དང་བར་སྣང་། ས་གཞི་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་མ་ལག་བཙུགས་ནས། བྱེ་འགོག་བྱེ་བཅོས་བྱ་བའི་ཚན་རིག་ཅན་དང་། གྲངས་ཀ་ཅན། རིག་ནུས་ཅན་བཅས་མཉམ་བསྲེས་བྱེད་པ་དང་། མིའི་ལྟ་ཞིབ་བྱ་འགུལ་གྱིས་འགོག་སྡོམ་སྲུང་སྐྱོབ་ཁུལ་གྱི་ཕན་འབྲས་ལ་བར་ཆད་བྱེད་ཚད་དེ་ཚད་ཆེས་ཆེ་བའི་སྒོ་ནས་ཇེ་དམའ་རུ་གཏོང་བ། སྤྱིའི་འགྱུར་ལྡོག་གནས་ཚུལ་ཡོངས་སུ་མངོན་པར་བྱེད་པ། ཆེས་མགྱོགས་པའི་སྒོ་ནས་ཡུལ་དངོས་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་པ་བཅས་བྱ་རྒྱུ་དེ་རེད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། སྔོན་ཆད། འཁོར་སྐར་རྒྱང་ཚོར་མ་ལག་ལ་བརྟེན་ནས་རྒྱུན་ལྡན་མིན་པའི་གནས་ས་གཏན་ཁེལ་བྱས་རྗེས། ང་ཚོས་མི་མངགས་ནས་ཡུལ་དངོས་སུ་དཔྱད་ཞིབ་བྱས་པ་ཡིན། མཚོ་སྔོན་ཞིང་ཆེན་གྱི་ནམ་མཁའ་ཡངས་ཤིང་ས་གཞི་རྒྱ་ཆེ་བས། གནས་ས་རེ་རེར་མི་ཤུགས་དང་རྒྱུ་ཤུགས་གང་མང་བཀོལ་དགོས་པར་མ་ཟད། དུས་ཚོད་འགོར་འགྱངས་བྱེད་པ་དང་ཕན་འབྲས་དམའ་ལ། མ་རྩ་མཐོ། ད་ལྟ་ཐོན་ཁུངས་ཆ་འཕྲིན་ཚང་མ་ལྟ་ཞིབ་མ་ལག་ནང་བསྡུ་ལེན་བྱས་ཡོད་ཟེར།
རྒྱུས་ལོན་པ་ལྟར་ན། ནུབ་བྱང་རྟོག་ཞིབ་འཆར་འགོད་གླིང་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡིས་ནམ་མཁའ་དང་བར་སྣང་། ས་གཞི་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་མ་ལག་དངོས་སུ་འཛུགས་འགོ་བརྩམས་པ་དེ་ནི། རང་རྒྱལ་དུ་འགོག་སྡོམ་སྲུང་སྐྱོབ་ཁུལ་བཙུགས་པའི་ལོ་བཅུའི་རིང་། ཕན་འབྲས་མཐོ་བའི་འཁོར་སྐྱོད་རྣམ་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་མའི་གསར་གཏོད་ཅིག་ཡིན་ལ། རྨང་གཞིའི་ཚན་རིག་ཞིབ་འཇུག་གི་ལྟ་ཞིབ་རྣམ་པ་དེ་རིག་ནུས་ལྟ་ཞིབ་རྣམ་པར་བསྒྱུར་བའི་ཚོད་ལྟ་གསར་པ་ཞིག་ཀྱང་རེད།
མིག་སྔར་། མཚོ་སྔོན་ཞིང་ཆེན་དུ་འགོག་སྡོམ་སྲུང་སྐྱོབ་ཁུལ་བཅུ་གཉིས་ཡོད་པ་དང་། འགོག་སྡོམ་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་གྲུབ་འབྲས་ལ་གདེང་འཇོག་ཚད་ལྡན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་། ས་ཆ་སོ་སོའི་ནགས་རྩྭ་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་དང་རམ་འདེགས་ལ་བརྟེན་ནས། ནུབ་བྱང་རྟོག་ཞིབ་འཆར་འགོད་གླིང་ཆེད་དོན་ལག་རྩལ་ཚན་ཆུང་གིས་མདའ་བཞི་རྫོང་དང་། ཝུའུ་ལན་རྫོང་། ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ཡོན་ལྷན་ཁང་དང་། ཀོས་ནན་རྫོང་སོགས་ཀྱི་འགོག་སྡོམ་སྲུང་སྐྱོབ་ཁུལ་མང་པོར་མི་མངག་སྟེ། ཡུལ་དངོས་སུ་སོང་ནས་འབྲེལ་ཡོད་རྒྱུ་ཆ་བསྡུ་ལེན་དང་། ཡོངས་རྫོགས་རང་འགུལ་ལྟ་ཞིབ་སྒྲིག་ཆས་བཀོད་གཏོང་གནས་ས་ལེགས་པོར་བདམས་ལ། རིགས་དང་རིམ་པ་བགར་ནས་རིགས་མི་འདྲ་བའི་རང་འགུལ་གྱི་ཐང་རྒོད་སྐྱེ་ཁམས་ལྟ་ཞིབ་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བྱེ་གྱུར་ས་ཁུལ་འགོག་སྡོམ་སྲུང་སྐྱོབ་ཁུལ་དུ་ནམ་མཁའ་དང་བར་སྣང་། ས་གཞི་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་མ་ལག་འཛུགས་མགོ་བཟང་པོ་རྩོམ་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་རང་འགུལ་གྱི་ཐང་རྒོད་སྐྱེ་ཁམས་ལྟ་ཞིབ་སྒྲིག་ཆས་ཐོག་མ་དེ་མདའ་བཞི་རྫོང་རྒྱལ་ཁབ་བྱེ་འགྱུར་ས་ཁུལ་འགོག་སྡོམ་སྲུང་སྐྱོབ་ཁུལ་དུ་སྒྲིག་སྦྱོར་བྱས་ཡོད་ལ། རྒྱལ་ཡོངས་འགོག་སྡོམ་སྲུང་སྐྱོབ་ས་ཁུལ་དུ་ལྟ་ཞིབ་དུས་ཐོག་རང་བཞིན་དང་མིག་ཟིན་རང་བཞིན་ཐོག་མར་མངོན་འགྱུར་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།