མཚོ་སྔོན་ཁྲལ་དོན་ལས་ཁུངས་ཀྱིས་བྱེད་ཐབས་ཉི་ཤུ་སྤྱད་དེ་འཛད་སྤྱོད་སླར་གསོ་ཡོང་བར་སྐུལ་འདེད་བཏང་།
2023.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྲལ་བསྡུའི་འགན་ནུས་འདོན་སྤེལ་བྱེད་པ་དང་། འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད་རྒྱུ་དེ་གོ་གནས་གཙོ་བོར་འཇོག་ཆེད། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཁྲལ་དངུལ་གྱིས་སྲིད་ཇུས་ལ་བརྟེན་ནས་ཚོང་རའི་ཡིད་ཆེས་ཇེ་ཆེར་གཏོང་བ་དང་འཛད་སྤྱོད་སླར་གསོ་ལ་སྐུལ་འདེད་གཏོང་བར་སྔར་ལས་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་ནས་་བྱེད་ཐབས་ཉི་ཤུ་བཏོན་པ་དང་། དེ་དང་མཉམ་དུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཁྲལ་བསྡུ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་དོན་ཚན་ང་ལྔ་ཕྱིར་བཏོན། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱི་དམངས་བདེ་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་འགུལ་སྐྱོད་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཉིས་ཟུང་འབྲེལ་བྱས་ནས། བྱེད་ཐབས་ཉི་ཤུ་ལག་བསྟར་བྱས་པ་དང་། རང་འགུལ་གྱིས་སྔོན་དུ་ཞབས་འདེགས་ཞུས་ནས་འཛད་སྤྱོད་སླར་གསོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་མ་ཟད་གྲུབ་འབྲས་མངོན་གསལ་བླངས།

ད་ལོའི་ཟླ་དང་པོ་ནས་ཟླ་གཉིས་པའི་བར། རླབས་འཁོར་འཛད་སྤྱོད་ཚོང་རའི་ཕྱོགས་ནས། ཁྲལ་བསྡུ་མེད་པར་བྱེད་པའི་ཆ་རྐྱེན་དང་མཐུན་པའི་ནུས་ཁུངས་གསར་པའི་རླངས་འཁོར་ཉོ་སྒྲུབ་ཐད་ཀྱི་ཁྲལ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་ལྔ་ཁྲི་བདུན་མེད་པར་བཟོས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་སོ་གཉིས་ལྷག་འཕར་སྣོན་བྱུང་བ་དང་། ཉོ་ཚོང་གྲངས་ཚད་ལས་བལྟས་ན། བསྡོམས་པས་ནུས་ཁུངས་གསར་པའི་རླངས་འཁོར་སྟོང་གཉིས་དང་ལྔ་བརྒྱ་གྱ་ལྔའི་ཉོ་སྒྲུབ་ཁྲལ་དངུལ་མ་བསྡུས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉིས་བརྒྱ་དང་གྱ་བཞི་ལྷག་འཕར། སྡོད་ཁང་འཛད་སྤྱོད་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས། ཁང་བ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་བཅུ་དགུ་བཙོང་བ་དང་། ཁྲལ་དངུལ་སྒོར་བྱེ་བ་དྲུག་དང་འབུམ་བདུན་ཁྲི་གསུམ་མེད་པར་བཟོས་ནས། ཁྲལ་སྤྲོད་ཁྱིམ་ཚང་སྟོང་བརྒྱད་དང་བཞི་བརྒྱ་གོ་བཞི་ལ་ཕན་བཏགས། གཞི་རྩའི་འཛད་སྤྱོ་ཚོང་རྫས་ཀྱི་མཁོ་འདོན་འགན་སྲུང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཕྱོགས་ནས། བསྡོམས་པས་ཁྲལ་སྤྲོད་ཁྱིམ་ཚང་ཉིས་བརྒྱ་དང་ཉེར་གཉིས་ཀྱི་རྒྱུན་འཁོར་དུས་རིམ་གྱི་སྔོ་ཚལ་གྱི་གནས་འཕར་ཁྲལ་དངུལ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གསུམ་ཁྲི་དགུ་མེད་པར་བཟོས་པ་དང་། ཁྲལ་སྤྲོད་ཁྱིམ་ཚང་ཉིས་བརྒྱ་དང་དོན་དགུ་ཡིས་ཤ་སྒོང་སོགས་ཐོན་རྫས་ཀྱི་རྒྱུན་འཁོར་དུས་རིམ་གྱི་གནས་འཕར་ཁྲལ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བདུན་ཁྲི་བརྒྱད་མེད་པར་བཟོ་བའི་སྲིད་ཇུས་ལོངས་སྤྱོད་བྱས་ནས། སྡོད་དམངས་ཀྱི་འཚོ་བའི་དངོས་ཟོག་མཁོ་འདོན་ལ་འགན་སྲུང་བྱེད་པ་དང་འཛད་སྤྱོད་ཚོང་ར་བརྟན་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས།

མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྡེ་ཁག་གིས་ཁེ་ལས་ཀྱི་རིགས་སྣ་དང་ཐོན་སྐྱེད་ཚོང་གཉེར་གྱི་རྣམ་པ། ཁྲལ་བསྡུ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་གཞིར་བཟུང་བ་དང་། ཁྲལ་བསྡུ་གཞི་གྲངས་ཆེན་པོའི་དགེ་མཚན་འདོན་སྤེལ་བྱས་ནས། སྲིད་ཇུས་ཤེས་པ་དང་ལས་སྒོ་བྱང་ཆུད་པ། ནུས་པ་བཟང་བའི་ཁྲལ་བསྡུའི་གཉེར་བ་གཏན་ཁེལ་བྱས་པ་དང་། སྲིད་ཇུས་ཞབས་ཞུ་ཁྱིམ་ཚང་དུ་སྐྱེལ་བའི་བྱ་འགུལ་སྤེལ་ནས། ཁྲལ་དངུལ་སྲིད་ཇུས་ལོངས་སྤྱོད་བྱེད་འོས་པ་ཚང་མས་ལོངས་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱས་པ་དང་། ཁྲལ་བསྡུའི་ཁེ་ཕན་གྱིས་ཚོང་རའི་གཙོ་གཞི་ལ་ཐད་ཀར་ཕན་འདོགས་ཐུབ་པར་བྱས། ཁྲལ་བསྡུ་གཉེར་པ་དེ་ཁྲལ་དོན་ལས་ཁུངས་དང་ཁེ་ལས་བར་བརྗེ་རེས་བྱེད་པའི་འབྲེལ་འདྲིས་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་དྲིལ་སྒྲོག་པ། སྲིད་ཇུས་ལག་བསྟར་གྱི་རྗེས་འདེད་པ། ཁེ་ལས་གནད་དོན་གྱི་རྟོག་ཞིབ་པ། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་རོགས་འདེགས་པ་བཟང་བོ་བྱས་པ་དང་། གཞི་གཅིག་ཅན་གྱི་ཁྲལ་བསྡུ་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཁྲལ་དངུལ་གྱིས་སྲིད་ཇུས་དང་གསར་གཏོད་ཞབས་ཞུའི་བྱེད་ཐབས་ལ་བརྟེན་ནས་དུས་ཐོག་ཏུ་ཚོང་རའི་གཙོ་གཞི་ཕན་འདོགས་པར་རྒྱབ་སྐྱོར་བྱས།

རིན་ཆེན་མཚོས་བསྒྱུར།