ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་གཏིང་ཟབ་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་སྟེགས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་སོགས་ཀྱི་སྲིད་ཇུས་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས། རང་ཞིང་གིས་རྒྱལ་ཁབ་རིམ་པའི་ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཚོང་རྫས་བརྗེ་རེས་ཁྲོམ་ར་རུ་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་མཛུབ་སྟོན་བསམ་འཆར་དངོས་འབེབ་བྱས་ནས་ཕན་འབྲས་མངོན་ལ། ལས་སྟེགས་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་སྐྲུན་ནུས་ཤུགས་སྔར་མེད་འཕེལ་རྒྱས་སུ་བཏང་ནས། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་ཞེས་པར་ཞིབ་འཇུག་དང་ཀློག་འགྲེལ་བྱས་ཤིང་། རང་ཞིང་གི་མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་དཔལ་འབྱོར་གྱི་ལྟེ་བ་དང་། སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། རྩ་འཛུགས་ལག་བསྟར་སོགས་བྱ་བའི་རེ་བ་ཁ་གསལ་བཟོས། མཚོ་སྔོན་གྱི་ཨང་རྩིས་ཚོང་གཉེར་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཞིང་ཕྱུགས་ཆ་འཕྲིན་ཅན་གཞི་གྲངས་ཐོན་ཁུངས་ཀྱི་སྤྲིན་རྩིས་ལས་སྟེགས་གསར་འཛུགས་བྱས་ནས། ནུབ་རྒྱུད་ཆེན་མོའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་གི་གཅིག་འཐུས་རྣམ་པའི་ལས་སྟེགས་བཙུགས་ཏེ། མཚོ་སྔོན་འཐེན་ཐུག་ཐོན་ལས་གཞི་གྲངས་ཅན་གྱི་ལས་སྟེགས་འཛུགས་སྐྲུན་བྱས་ནས། གོ་རིམ་ལྡན་ཞིང་སྒོ་འབྱེད་ཀྱི་སྟེགས་བུའི་སྐྱེ་ཁམས་འཛུགས་པར་འབད་བརྩོན་བྱས།
ཅིན་ཏུང་ཚོང་རའི་མཚོ་སྔོན་དབུལ་སྐྱོར་ཁང་དང་། ཨ་ལེ་པ་པ་མཚོ་སྔོན་ཞིང་དར་དབུལ་སྐྱོར་གྱི་ཚོང་རྫས་མིང་གྲགས་ཅན་གྱི་ས་ཚིགས་སོགས་ས་གནས་ཞིང་ལས་ཐོན་རྫས་དྲ་ལམ་འགྲེམ་ཚོང་ཁང་བཙུགས་ནས། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཁུལ་ཁོངས་བརྒལ་བའི་གློག་རྡུལ་སྤྱི་བའི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་། སྲོལ་རྒྱུན་ཚོང་ར་དང་ཚོང་ཁང་། སྡེབས་ཚོང་ཁྲོམ་ར་བཅས་ཀྱིས་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་བྱེད་པར་སྣེ་ཁྲིད་མཛུབ་སྟོན་བྱས་ནས། ཝང་ཧྥུའུ་ཅིན་དང་དབྱི་ཅ་ཆིན་སོགས་ས་གནས་སྲོལ་རྒྱུན་ཚོང་ཁྲོམ་ཁེ་ལས་དེ་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་མཉམ་འབྲེལ་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱས། མཉམ་འབྲེལ་དྲ་རྒྱ་དང་ལྟ་སྐུལ་དོ་དམ། ཡིད་རྟོན་ལྟ་སྐུལ་དོ་དམ་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སྔོན་ལ་བདེ་ཐང་གི་སྣེ་ཁྲིད་བྱེད་པ་དང་། བར་དུ་དོན་རྐྱེན་སྔོན་འགོག་བྱེད་པ། མཐའ་མར་ལྟ་སྐུལ་དོ་དམ་གྱིས་ཚེགས་ཐོན་པ་སོགས་མུ་ཁྱུད་ཧྲིལ་བོའི་བཅོས་སྐྱོང་མ་ལག་གྲུབ་པར་བྱས།
དུས་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་བྱས་པ་ལས་མཐོང་བའི་གནད་དོན་གསེད་བཀྲོལ་བྱས་ནས། ཁ་གཏད་རང་བཞིན་གྱི་བསམ་འཆར་འདོན་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་སྟེགས་དཔལ་འབྱོར་ལ་འཕེལ་རྒྱས་སྣེ་ཁྲིད་དང་། ལས་ཞུགས་གསར་སྐྲུན། ཐོན་ལས་འགྲན་རྩོད་བཅས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། རང་ཞིང་གི་ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་བདེ་ཐང་་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏང་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།