ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་གཙོ་བོ་གཅིག་བསྡུས་སྒོས་ལས་མགོ་བརྩམས་ཤིང་བསྐྱར་ལས་་བྱེད་པ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་འབར་རྩའི་རྨ་ཆུའི་ཟམ་ཆེན་དང་དེའི་ཆུ་འདྲེན་བཟོ་སྐྲུན་ལས་མགོ་བརྩམས་པའི་མཛད་སྒོ་གཅན་ཚ་རྫོང་མཁར་བྱང་ཁུལ་གསར་ནས་བསྡུས། ཐེངས་འདིར་རྨ་ལྷོ་ཁུལ་གྱིས་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་ལས་གཞི་བསྡོམས་པས་བརྒྱ་དང་དགུ་ཡོད་པ་དང་སྤྱིའི་མ་དངུལ་གཏོང་ཚད་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གསུམ་བྱེ་བ་གསུམ་ལ་སླེབས།
ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་བླངས་ནས་ལོ་ཧྲིལ་བོའི་བརྟན་འཇགས་འགན་སྲུང་བྱེད་པའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། བརྟན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་པ་དང་། ལས་གཞིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པར་ཧ་ཅང་མཐོང་ཆེན་བྱས་ལ། ལས་གཞི་དང་དངུལ་གཏོང་དེ་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་སྒྲུབ་པའི་རྨང་གཞི་དང་སྲོག་ཤིང་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།
གསར་འགོད་པས་ལས་མགོ་བརྩམས་པའི་མཛད་སྒོའི་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་གྱིས་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱེད་པའི་ལས་གཞི་བརྒྱ་དང་དགུ་དེ་རྨང་གཞིའི་སྒྲིག་ཆས་དང་དག་གཙང་ནུས་ཁུངས་གསར་སྤེལ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། གྲོང་ཁྱེར་གྱི་སྒྲིག་ཆས་འཛུགས་སྐྲུན། དམངས་ཚིས་འགན་སྲུང་ལེགས་བཅོས་སོགས་ཁྱབ་ཁོངས་སུ་ཁེབས་ཡོད་ལ། དེའི་ནང་གི་ཞིང་ཆེན་ཡོངས་ཀྱི་ལས་གཞི་གཙོ་བོའི་ཁྲོད་ཀྱི་གཅིག་སྟེ་འབར་རྩའི་རྨ་ཆུའི་ཟམ་ཆེན་དང་དེའི་ཆུ་འདྲེན་བཟོ་སྐྲུན་ཐད་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དྲུག་གཏོང་དགོས། དེ་ནི་རྨ་ལྷོ་ཁུལ་གྱི་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་གྱི་དཔའ་ལུང་རྫོང་གཉིས་ཀྱི་བརྒྱུད་ལམ་ཡིན་ལ། རྨ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པའི་སྒྲོག་ཐག་ལྟ་བུ་ཡང་ཡིན། ལས་གཞི་དེ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས་་ནས། རྨ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།
བཀྲ་ཤིས་འབུམ་གྱིས་བསྒྱུར།