ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2022ལོར། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་ལ་རོགས་འདེགས་བྱེད་པའི་ཞབས་ཞུའི་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། བསྡོམས་པས་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་དང་ཚད་ལྕི་བའི་དབང་བོ་སྐྱོན་ཅན་འབུམ་གཅིག་དང་ཁྲི་གསུམ་སྟོང་གཅིག་ལ་ཁ་གསབ་སྣ་གཉིས་བྱིན་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་གཅིག་ལ་སླེབས། མི་ཁྲི་བཞི་དང་སྟོང་ལྔར་གནད་ཕིགས་ལུས་གསོ་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ལུས་གསོ་ཞབས་ཞུའི་ཚད་བརྒྱ་ཆའི་གོ་དགུ་ལྷག་ལ་སླེབས། དབང་བོ་སྐྱོན་ཅན་གྱི་བྱིས་པ་སྟོང་གསུམ་དང་བརྒྱད་བརྒྱ་ལ་ལུས་གསོ་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། མི་ཁྲི་གཉིས་དང་སྟོང་གཉིས་ལ་རམ་འདེགས་ཡོ་བྱད་བྱིན་པ་དང་། རམ་འདེགས་ཡོ་ཆས་སྟེར་ཚད་བརྒྱ་ཆའི་གོ་དགུ་ལྷག་ལ་སླེབས།
ཞིང་ཆེན་སྲིད་གཞུང་གི་དམངས་ཚིས་དོན་དངོས་དམིགས་འབེན་ལ་དམིགས་ནས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་སློབ་མར་སློབ་གསོའི་རོགས་སྐྱོར་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་སློབ་མ་དྲུག་བརྒྱ་དང་ང་ལྔར་སློབ་གསོའི་རོགས་སྐྱོར་འདོན་སྤྲོད་བྱས། ལས་ཞུགས་དང་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་བཏང་བ་དང་། དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ནས། དབང་བོ་སྐྱོན་ཅན་སྟོང་གཉིས་དང་དགུ་བརྒྱ་ཉེར་གསུམ་ལ་ལས་རིགས་རྩལ་ནུས་དང་དངོས་སྦྱོང་ལག་རྩལ་གསོ་སྦྱོང་བྱས། གྲོང་གསེབ་ཀྱི་དབང་བོ་སྐྱོན་ཅན་སྟོང་གཅིག་ཉིས་བརྒྱ་དང་དགུ་ཡིས་ལས་ཞུགས་བྱས་པ་དང་། ཞིང་སྡེའི་དབང་བོ་སྐྱོན་ཅན་སྟོང་གཉིས་དང་བདུན་བརྒྱ་ཞེ་གཉིས་ཀྱིས་ལས་ཞུགས་བྱེད་ཐུབ་པ་བྱུང་། དབང་བོ་སྐྱོན་ཅན་གྱི་ལུས་གསོ་དང་མངག་སྐྱོང་། ཁྱིམ་ཚང་གི་སྟབས་བདེ་བསྒྱུར་བཀོད་བྱ་བ་སྤེལ་བ་དང་།དབང་བོ་སྐྱོན་ཅན་སྟོང་བཞི་དང་སུམ་བརྒྱ་གྱ་གཅིག་ལ་མངག་སྐྱོང་གཉོར་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས་ལ། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་སྟོང་གཉིས་དང་བདུན་བརྒྱ་རུ་སྟབས་བདེ་གེགས་མེད་བསྒྱུར་བཀོད་ལག་བསྟར་བྱས་པ་དང་། ཚད་ལྕི་བའི་དབང་བོ་སྐྱོན་ཅན་སྟོང་གཅིག་དང་བརྒྱད་བརྒྱར་ལུས་གསོ་ལུས་སྦྱོང་ལུས་རྩལ་ཡོ་ཆས་བྱིན།
ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས། གོ་རིམ་རྗེས་མར་དབང་བོ་སྐྱོན་ཅན་གྱི་གཟིགས་སྐྱོང་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་མངག་སྐྱོང་གཉོར་སྐྱོང་དང་ལུས་གསོ་སྦྱོང་བརྡར། རོགས་འདེགས་ཡོ་ཆས། ལས་ཞུགས་གསོ་སྦྱོང་སོགས་ཆེད་དོན་གཞི་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པ། སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་སྐྱེད་སྲིང་བྱེད་པ། ཕྱོགས་སོ་སོའི་ཐོན་ཁུངས་མཉམ་བསྲེས་གཅིག་བསྡུ་བྱེད་པ། ལུས་གསོ་དང་སློབ་གསོ། ལས་ཞུགས། མངག་སྐྱོང་སོགས་ཀྱི་ཞབས་ཞུ་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱས་ནས། དབང་བོ་སྐྱོན་ཅན་གྱིས་ཞབས་ཞུ་ལོངས་སྤྱོད་བྱེད་པའི་གཞི་ཁྱོན་རྒྱ་སྐྱེད་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།