ཞིང་ཆེན་ཡོངས་སུ་ཞིང་སྡེའི་ལས་སྤེལ་གསར་སྐྲུན་ཚོང་གཉེར་གཙོ་གཞི་སྟོང་གཉིས་དང་སུམ་བརྒྱ་སོ་དྲུག་ལ་སླེབས།
2023.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་ལམ། གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་སྡེའི་ལས་སྤེལ་གསར་སྐྲུན་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཞིང་། སྲིད་ཇུས་དང་མ་དངུལ་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་བ་བརྒྱུད་ནས་རོང་འབྲོག་ཁུལ་གྱི་ལས་སྤེལ་གསར་སྐྲུན་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་བ་དང་། ཧུར་ཐག་སྒོས་ཞིང་སྡེའི་ལས་སྤེལ་གསར་སྐྲུན་ལ་ཕན་པ་ཡོད་པའི་འཕེལ་རྒྱས་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས་ལ། སྣ་མང་ཞིང་ཕྱོགས་མང་པོ་ནས་རིགས་སོ་སོའི་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྤེལ་གསར་སྐྲུན་བྱེད་པའི་མི་སྣར་རྒྱབ་སྐྱོར་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ཞིང་སྡེའི་ལས་སྤེལ་གསར་སྐྲུན་ཚོང་གཉེར་གཙོ་གཞི་སྟོང་གཉིས་དང་སུམ་བརྒྱ་སོ་དྲུག་ལ་སླེབས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་སྤེལ་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་ལྕག་བཏང་བའི་ཇུས་ཆོད་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གཞུང་གིས་གྲོང་གསེབ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་གཏན་འཁེལ་བྱས་པ་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད་སོགས་ལས་ཁུངས་ཀྱིས་འཕྲོ་རིམ་འཕྲོར་ཕ་ཡུལ་དུ་ཕྱིར་ལོག་པའི་མི་སྣས་ལས་སྤེལ་གསར་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི་སོགས་འགྲེམ་སྤེལ་བྱས་ཏེ། ཕ་ཡུལ་དུ་ཕྱིར་ལོག་པའི་མི་སྣས་ལས་སྤེལ་གསར་སྐྲུན་བྱེད་རྒྱབ་སྐྱོར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ཀྱི་དམིགས་འབེན་དང་ལས་འགན། རྒྱབ་སྐྱོར་ཁ་ཕྱོགས། ཚད་གཞི་དང་རེ་བ་གཏན་འཁེལ་གསལ་བོ་བྱས་ཤིང་། ལས་སྤེལ་གསར་སྐྲུན་བྱེད་པར་སྲིད་ཇུས་དང་བྱེད་ཐབས་ཐད་ནས་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་པ་དང་། ལས་སྤེལ་གསར་སྐྲུན་དཔུང་སྡེ་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ། ལས་སྤེལ་གསར་སྐྲུན་སྟེགས་སུ་བསྐྲུན་ནས་ཞིང་སྡེ་ཡི་ལས་སྤེལ་གསར་སྐྲུན་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཞིང་སྡེ་ཡི་ལས་སྤེལ་གསར་སྐྲུན་གྱི་བཀག་རྒྱ་སེལ་བར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱས།

མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་རིགས་སོ་སོའི་ཞིང་སྡེ་ཡི་ལས་སྤེལ་གསར་སྐྲུན་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་བརྒྱད་བཀོད་སྒྲིག་བྱས་པ་དང་། ཞིང་བ་ཞོར་ལས་པ་དང་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཚན་ཞིབ་མི་སྣ་སྔར་ལས་མང་པོ་ཞིག་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྤེལ་གསར་སྐྲུན་བྱ་འགུལ་སྤེལ་ཏེ། ལས་ཞུགས་མི་སྣ་ཁྲི་བཞི་དང་སྟོང་དྲུག་བཞི་བརྒྱ་དོན་དགུ་ལ་སྣེ་ཁྲིད་བྱས།

                                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།