ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་ས་ཁུལ་གྱི་ཐོག་མའི་འདེམས་ཁུལ་མྱུར་དུ་གསར་སྐྲུན་བྱེད་པ་དང་། རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཡུས་ཧྲུའུ་ཁུལ་གྱི་ཐོན་ལས་གཙོ་བོ་དང་དམངས་ཚིས་ཐོན་ལས་སུ་འཛུགས་སྐྲུན་བྱེད་ཆེད། ཡུས་ཧྲུའུ་ཁུལ་གྱིས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ་ཁེ་ལས་ལ་ཕན་ཞིང་དམངས་ལ་ཕན་པའི་བྱེད་ཐབས་ལྔ་བཅུ་གཏན་འཁེལ་བྱས་ནས། རིག་གནས་དང་ཡུལ་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།
ཡུས་ཧྲུའུ་ཁུལ་གྱིས་ཐེངས་འདིར་གཏན་འཁེལ་བྱས་པའི་བྱེད་ཐབས་ལྔ་བཅུའི་ནང་དུ་ཚོར་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཡུལ་སྐོར་ལས་རྣམ་རྒྱ་བསྐྱེད་པ། རིག་གནས་ཡུལ་སྐོར་གྱི་གཉེར་འཚོང་ལ་ཤུགས་སྣོན་པ། བདག་གཉེར་གཙོ་གཞི་གསོ་སྐྱོང་བྱེད་པ་སོགས་ཕྱོགས་ཆེན་པོ་བཅུ་འདུ། དེ་དང་མཉམ་དུ་ཁེ་ལས་ལ་ཕན་ཞིང་དམངས་ལ་ཕན་པའི་སྲིད་ཇུས་དངོས་འབེབས་བྱེད་པར་ཤུགས་སྣོན་ཆེད། རིགས་བགར་ཅན་དང་བྱེ་བྲག་ཅན། ཞིབ་ཕྲ་ཅན། གནད་འཁེལ་ཅན་གྱི་བྱེད་ཐབས་སྤྱད་དེ་དྲིལ་སྒྲོག་བྱས་ནས། སྲིད་ཇུས་ལག་བསྟར་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་བ་དང་། སྲིད་ཇུས་ཤེས་རྟོགས་ནུས་པ་མཐོར་འདེགས་སུ་བཏང་། རིག་གནས་ཡུལ་སྐོར་ཐོན་ལས་ཞབས་ཞུའི་སྒྲིག་གཞི་བཙུགས་ནས་རིག་གནས་ཡུལ་སྐོར་གྱི་ཁེ་ལས་གཞི་ཁྱོན་འཕེལ་རྒྱས་སུ་བཏང་། ད་ཡོད་ཀྱི་རིག་གནས་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ། སྤྱི་ཐུན་ཞབས་ཞུའི་ཚད་གཞི་ཅན་དང་དོ་མཉམ་ཅན། སྤྱི་ཚོགས་ཅན་གྱི་རེ་བ་ལྟར། གྲོང་ཁྱེར་དང་རྫོང་། ཡུལ་ཚོ་དང་གྲོང་བརྡལ། སྡེ་བཅས་རིམ་པ་གསུམ་གྱི་སྤྱི་ཐུན་རིག་གནས་སྒྲིག་ཆས་ཚད་གཞི་ཅན་འཛུགས་སྐྲུན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ནས་ཕྱོགས་ཡོངས་ལ་ཁེབས་པར་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།