

2023ལོའི་ཟླ3པའི་ཚེས25ཉིན། ཨ་མདོ་བརྙན་འཕྲིན་གྱི་གསར་འགོད་པ་ཏིང་འཛིན་རབ་བརྟན་གྱི་སྒྱུར་དེབ་གསར་བ《བུ་མོར་སྤྲིངས་པའི་འཕྲིན་ཡིག》གི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་གཙུག་ལག་ཕྲེང་བ་རུ་བསྡུས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ཀྱི་དགེ་སློབ་གཙོས་པའི་མི་སྣ་བཞི་བཅུ་ལྷག་འགྲེམ་སྤེལ་མཛད་སྒོར་ཞུགས།
ཐོག་མར་སྒྱུར་པ་པོས《བུ་མོར་སྤྲིངས་པའི་འཕྲིན་ཡིག》བསྒྱུར་དགོས་པའི་དམིགས་ཡུལ་དང་། སྒྱུར་སྐབས་ཀྱི་དཀའ་ངལ། ཞུ་དག་གི་རིམ་པ་སོགས་དང་འབྲེལ་ནས་གཏམ་བཤད་གནང་བ་དང་། དེར་མཐུད་ནས་ཡུལ་དངོས་ཀྱི་སྐུ་མགྲོན་དག་གིས་སྒྱུར་དེབ་དང་འབྲེལ་ནས་བགྲོ་གླེང་བྱས་པར་མ་ཟད། སྒྱུར་དེབ་འདི་བཀླགས་ཟིན་པའི་དགེ་རྒན་སྐོར་ཞིག་གིས་བརྙན་ལམ་ནས་མྱོང་ཚོར་གླེང་བ་སོགས་འགྲེམ་སྤེལ་མཛད་སྒོ་འཁྲུག་ཆ་དོད་པོ་བྱུང་།
《བུ་མོར་སྤྲིངས་པའི་འཕྲིན་ཡིག》ནི་སྐུ་ཞབས་ཝུའུ་ཅུན་གྱིས་ཨ་རིར་སློབ་གྲྭ་འགྲིམས་བཞིན་པའི་རང་གི་བུ་མོ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག་བཞི་བཅུ་ཡིས་གྲུབ་ཡོད་ཅིང་། རྩོམ་པ་པོས་རང་གི་བུ་མོ་གཉིས་ལ་དེང་གི་དུས་སྐབས་འདིར་བསླུ་བྲིད་སྣ་ཚོགས་ལས་ཇི་ལྟར་ཐར་དགོས་ཚུལ་དང་། མི་ཚེའི་དམིགས་འབེན་བཟང་བོ་ཞིག་ཇི་ལྟར་འཛིན་དགོས་ཚུལ། ཡ་རབས་སྤྱོད་བཟང་ལ་ཇི་ལྟར་གོམས་དགོས་ཚུལ་སོགས་འཇིག་རྟེན་མི་ཆོས་དང་འབྲེལ་བའི་གནས་ལུགས་མང་པོ་ཁ་གསལ་གོ་བདེའི་ངང་བྲིས་ཡོད་ལ། དེབ་འདི་སྒྱུར་པ་པོ་ཏིང་འཛིན་རབ་བརྟན་གྱིས་རང་གི་ཉམས་མྱོང་དང་རྒྱ་བོད་ལོ་ཙཱའི་ཆེད་ལས་ལ་གཞི་བཅོལ་ཏེ། ལོ་ངོ་གསུམ་གྱི་རིང་མ་སྐུལ་དང་བླངས་སྒོས་བོད་ཡིག་ཏུ་བསྒྱུར་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་རེད།

སྒྱུར་པ་པོས་གཏམ་བཤད་གནང་བཞིན་པ།

ཡུལ་དངོས་སུ་བགྲོ་གླེང་བྱེད་བཞིན་པ།

ཡུལ་དངོས་སུ་བགྲོ་གླེང་བྱེད་བཞིན་པ།

བརྙན་ལམ་ནས་མྱོང་ཚོར་གླེང་བཞིན་པ།

དྲན་རྟེན་མཉམ་པར།
