མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་སའི་ལས་གཞི་གལ་ཆེན་ལས་མགོ་རྩོམ་པ་དང་རྨ་ལྷོ་ཁུལ་རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟ་དཔེ་སྟོན་ལས་གཞིའི་བསྐྱར་ལས་མཛད་སྒོ་གཅན་ཚ་རྫོང་གི་ཤ་བཟང་ཐང་དུ་བསྡུས།
2023.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་སའི་ལས་གཞི་གལ་ཆེན་ལས་མགོ་རྩོམ་པ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟ་དཔེ་སྟོན་ལས་གཞིའི་བསྐྱར་ལས་མཛད་སྒོ་གཅན་ཚ་རྫོང་གི་ཤ་བཟང་ཐང་དུ་བསྡུས་པ་དང་། རྨ་ལྷོ་ཁུལ་གྱིས་སྤྱིའི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་གཉིས་གཏོང་བའི་ནགས་རྩྭའི་ལས་གཞི་བཅུ་གཉིས་ཉིན་དེར་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་བསྡོམས་པས་ནགས་རྩྭའི་ལས་གཞིའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་གཉིས་བརྩོན་ལེན་བྱས་ཏེ་དངོས་འབེབས་བྱས་ནས། རྒྱལ་ཁོངས་ལྗང་སྒྱུར་སྤྱི་ཆིང་ཁྲི་དྲུག་དང་སྟོང་གཉིས་ཡོངས་འགྲུབ་བྱས་པ་དང་། དེ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་འགན་སྤྱི་གྲངས་ཀྱི་བརྒྱ་ཆའི་གྱ་གཅིག་ལྷག་ཡིན་ལ། ནགས་ཀྱིས་ཁེབས་ཚད་བརྒྱ་ཆའི་ཉེར་དགུ་ལྷག་ལ་སླེབས་པ་དང་དེ་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གྲངས་ཐིག་ཉེར་གཉིས་ཙམ་གྱིས་མཐོ་བ་དང་། རྩྭ་ས་བྱེ་ཐང་དུ་གྱུར་བའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་སྤྱི་ཆིང་འབུམ་གཅིག་དང་ཁྲི་གཅིག་ལྷག་ལག་བསྟར་བྱས་པས། རྩྭ་ས་སླར་གསོ་བྱས་ཚད་བརྒྱ་ཆའི་རེ་དགུ་ལྷག་ལ་སླེབས་པ་དང་། དེ་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གྲངས་ཐིག་བཅུ་གཅིག་ཙམ་གྱིས་མཐོ་བ་རེད།

གསར་འགོད་པས་ལས་མགོ་རྩོམ་པ་དང་བསྐྱར་ལས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རྒྱལ་ཁབ་ཀྱིས་རང་ཞིང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་དང་ཟི་ལིང་གྲོང་ཁྱེར་ནགས་ཚལ་མེ་འགོག་ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མེ་འགོག་འཕྲལ་བསྟུན་གཞུང་ལམ། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ནགས་རའི་དོ་དམ་སྲུང་སྐྱོབ་སྡོད་ཁང་སོགས་གསར་སྐྲུན་ལས་གཞི་བཀོད་སྒྲིག་བྱས། མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་ཉིས་སྟོང་ཉེར་གསུམ་ལོའི་ནགས་རྩྭའི་ལས་གཞིའི་ཐད་ལ་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གསུམ་བྱེ་བ་ལྔ་དངོས་འབེབས་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་སྤྱི་ཆིང་འབུམ་གཉིས་དང་ཁྲི་དྲུག་སྟོང་བརྒྱད་དང་བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི་བརྒྱད་ཡོངས་འགྲུབ་བྱེད་རྒྱུ་དང་།  ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་བཞི་དང་ནགས་ཚལ་གྲོང་གསེབ་དྲུག་གསར་སྐྲུན་བྱེད་རྒྱུའི་འཆར་གཞི་བཀོད་ཡོད།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།