ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་འཐབ་ཇུས་མཉམ་ལས་སྤྱིའི་གྲོས་མཐུན་སྟེང་མིང་བཀོད་པའི་རྨང་གཞིའི་སྟེང་། མཉམ་ལས་རྐྱེན་སྲོལ་གསར་སྐྲུན་བྱས་ཤིང་། རང་འགུལ་སྒོས་གནས་གཞན་པའི་འཛད་སྤྱོད་རྩོད་གཞི་ཐག་གཅོད་པའི་ཐབས་ལམ་བཙུགས་པར་མ་ཟད། མཉམ་འབྲེལ་སྒོས་ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སོ་སོའི་འཛད་སྤྱོད་པའི་མཐུན་ཚོགས་དང་ཨུ་ཡོན་ལྷན་ཁང་ལ་སི་ཁྲོན་དང་མཚོ་སྔོན་གྱིས་གནས་གཞན་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་བརྡ་ཐོ་བཏང་།
བརྡ་ཐོའི་ནང་བསྟན་དོན། སི་ཁྲོན་དང་མཚོ་སྔོན་གྱིས་གནས་གཞན་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་རྐྱེན་སྲོལ་འཛུགས་པ་ནི་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འཛད་སྤྱོད་པའི་མཐུན་ཚོགས་དང་ཨུ་ཡོན་ལྷན་ཁང་རྩ་འཛུགས་ཀྱི་སྤྱི་ཕན་རང་བཞིན་གྱི་འགན་ནུས་ལག་བསྟར་བྱེད་པའི་བྱེ་བྲག་གི་མཚོན་བྱེད་ཡིན་ལ། སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཛད་སྤྱོད་ཚོང་ར་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། གནས་གཞན་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་བྱེད་པའི་གེགས་མེད་ཐབས་ལམ་ཡིན་པ་དང་། འཛད་སྤྱོད་པས་གནས་གཞན་པའི་འཛད་སྤྱོད་རྩོད་གཞི་ཞུ་གཏུག་བྱེད་དཀའ་བ་དང་ཁེ་དབང་སྲུང་སྐྱོབ་བྱེད་དཀའ་བ་ཐག་གཅོད་པའི་ནུས་ལྡན་བྱེད་ཐབས་ཤིག་ཀྱང་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།