ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་ཉེ་སྔོན་ཉིས་སྟོང་ཉེར་གསུམ་ལོའི་རྫོང་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་བསྡུས་ཏེ། འདས་པའི་ལོ་གཅིག་གི་སློབ་གསོའི་ལས་དོན་ཐད་ཀྱི་གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་རྗེས་ཕྱོགས་ཀྱི་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས།
ཚོགས་འདུའི་སྟེང《 རྫོང་ཡོངས་ཀྱི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་བསམ་འཆར》ཀློག་འགྲེལ་བྱས་པ་དང་། སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་གནང་།
ལོ་འདི་དག་གི་རིང་ལ། ཁྲི་འདུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སློབ་གསོའི་ལས་དོན་གཙིགས་སུ་བཟུང་ནས། ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་པ་དང་། 《 རྫོང་ཡོངས་ཀྱི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་བསམ་འཆར》གཏན་འབེབས་ཀྱིས་བྱེད་ཐབས་ཉེར་དྲུག་སྤྱད་དེ། དགེ་རྒན་གྱི་བྱ་དགའི་ཐེབས་རྩ་དང་། འཛིན་བདག་དགེ་རྒན་གྱི་གསབ་དངུལ། གྲུབ་འབྲས་དཔྱད་ཞིབ་ཀྱི་བྱ་དགའི་མ་དངུལ། གཙང་གསུམ་འབྱུང་ཡུལ་གྱི་བྱ་དགའི་ཁ་གསབ་མ་དངུལ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྤྱི་སྤྱོད་གྲོན་དངུལ། གྲོང་གསེབ་དགེ་རྒན་གྱི་ཁ་གསབ་མ་དངུལ་བཅས་དོན་འཁྱོལ་བྱས་པར་མ་ཚད། ད་དུང་སྲིད་གཞུང་གིས་བྱིས་སྐྱོང་གླིང་གི་སྒྲིག་ཁོངས་སུ་མ་ཚུད་པའི་དགེ་རྒན་དག་གི་འགན་བཅོལ་ལྔ་དང་མ་དངུལ་གཅིག་ཉོས་པ་བཅས་སྤྱི་སྡོམ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ཁྲི་ལྔ་སྟོང་བརྒྱད་ལྔ་བརྒྱ་དོན་འཁྱོལ་བྱས་ནས་ཁྲི་འདུའི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྲིད་ཇུས་ཀྱིས་འགན་སྲུང་འདོན་སྤྲོད་བྱས།
ད་དུང་རྫོང་རིམ་པས་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་བསྣན་ཏེ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་ལ། འདྲ་མཉམ་དྲང་གཞག་གི་སྐུལ་སློང་བྱེད་ཐབས་སྤྱད་དེ་ནང་ཁུལ་གྱི་བགོ་བཤའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལས་ཆོད་གླ་ཕོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཡོང་ཕྱིར། རྫོང་སྲིད་གཞུང་གིས་སྒོར་ས་ཡ་གཅིག་གི་སློབ་གསོའི་བྱ་དགའ་ཐེབས་རྩ་བཙུགས། གྲོང་གསེབ་དགེ་རྒན་གྱི་ཁ་གསབ་ཚད་གཞི་མཐོར་འདེགས་བྱས་ནས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་མི་རེར་ཟླ་རེར་སྒོར་ཉིས་བརྒྱས་ཇེ་མཐོར་བཏང་ཞིང་དགེ་རྒན་ལ་དུས་བཅད་ལྟར་གཟེངས་བསྟོད་བྱེད་པའི་ལམ་ལུགས་བཙུགས།
དགེ་རྒན་དག་ལ་ཚེ་གང་སློབ་གསོ་གཉེར་བར་སྐུལ་མ་གཏོང་ཆེད་ལས་ཡུན་ལོ་ཉེར་ལྔའི་ཡན་གྱི་ལས་ཞུགས་ཁ་གསབ་ལམ་ལུགས་གཏན་འཁེལ་བྱས་པ་དང་། སྔོན་ཐོན་དགེ་རྒན་གྱི་བྱས་རྗེས་དྲིལ་བསྒྲགས་དང་ཕུལ་བྱུང་དགེ་རྒན་ས་ཆ་གཞན་དུ་ལུས་ཁམས་གསོ་རུ་འགྲོ་བའི་ལམ་ལུགས་ལག་བསྟར་སོགས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་བྱེད་པ་དང་སློབ་གསོར་གཙིགས་འཛིན་བྱེད་པའི་སྲོལ་བཟང་ཞིག་བཏོད།