རང་ཞིང་གིས་ཞིང་ཕྱུགས་ལས་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་འགུལ་སྐྱོད་སྤེལ་བར་སྐུལ་འདེད་བཏང་།
2023.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་སུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བའི་ཚུན་ལ། རང་ཞིང་གི་རིམ་པ་སོ་སོའི་ཞིང་ལས་དང་ཞིང་སྡེ་ལས་ཁུངས་ཀྱིས་རང་ཉིད་ཀྱི་འགན་འཁྲི་དང་ཟུང་འབྲེལ་དམ་པོ་བྱས་ཤིང་། ནུས་ལྡན་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་འགུལ་སྐྱོད་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ལས་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པ་འགན་སྲུང་བྱས་པ་དང་བྱ་བའི་ཐད་ནས་དུས་རིམ་བཞིན་གྱི་ཕན་འབྲས་ཐོབ།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་ཇུས་གཞི་གཏན་འཁེལ་བྱས་པར་མ་ཟད་འགྲེམ་སྤེལ་བྱས་ནས། བྱ་བའི་ཆེད་སྒྲུབ་ཚན་ཁག་བཙུགས་ཤིང་བྱ་བ་གཙོ་བོ་གཏན་འཁེལ་ཞིབ་མོ་བྱས་པ་དང་། མི་གཅིག་གིས་ཁེ་ལས་གཅིག་ལ་འགན་ཁུར་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་མདུན་དུ་གནས་པའི་དཀའ་ཁག་ངོ་མ་ཐག་གཅོད་རྒྱུ་བྱས། ཁེ་ལས་ཀྱི་མ་དངུལ་དཀའ་ཁག་ཐག་གཅོད་པར་རོགས་འདེགས་བྱེད་ཆེད། ཁེ་ལས་གཙོ་བོ་བཅུ་གསུམ་རྩ་འཛུགས་བྱས་ཏེ་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་རྩ་འཛུགས་བྱས་པའི་དངུལ་ཁང་དང་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུར་ཞུགས་པ་དང་། ཞིང་ཕྱུགས་ལས་ལས་སྣོན་ཁེ་ལས་བདུན་ཀོང་ཏུང་ཧྥའོ་ཧྲན་སྔོན་བཟོས་ཚོད་མའི་ཐོན་ལས་བཤམས་སྟོན་ཚོགས་འདུར་ཞུགས་པར་མ་ཟད་ཕྱོགས་གསུམ་གྱི་འབྲེལ་མཐུད་བརྗེ་རེས་མཉམ་ལས་སྟེགས་བུ་བཙུགས་ནས། མ་དངུལ་མཁོ་འདོན་ཐད་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་པར་སྐུལ་འདེད་བཏང་།

དེ་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་ཁོངས་གཏོགས་ཀྱི་དཔུང་སྡེ་གསུམ་གྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ། ཐིན་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ཞབས་ཞུའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཙུགས་པ་དང་། ཚན་ཞིབ་སློབ་གླིང་དང་མཐོ་རིམ་སློབ་གྲྭའི་ཆེད་མཁས་པ་འཐེན་ནས་རྫོང་ཁག་འགན་ལེན་བྱེད་པའི་ཚན་རྩལ་ཞབས་ཞུའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཞི་བཅུ་བཙུགས་ཏེ་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་བཞི་བཅུ་ལ་ཚན་རྩལ་མཛུབ་སྟོན་བྱས།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།