པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོར་པེ་ཅིང་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་བཀོད་སྒྲིག་བྱས་ཏེ། རིག་ནུས་རོགས་སྐྱོར་དམ་འཛིན་བྱེད་པ་དང་ཐོན་ལས་རོགས་སྐྱོར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་རིགས་སོ་སོས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། རིག་གནས་དང་སློབ་གསོ་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པ་བཅས་ཁྱབ་ཁོངས་ཆེན་པོ་ལྔ་རུ་རོགས་སྐྱོར་བྱེད་རྒྱུའི་འཆར་གཞི་བཀོད་པ་དང་། ལས་གཞི་ང་བཞི་བཀོད་སྒྲིག་བྱས།
ལས་གཞི་ང་བཞིའི་ཁྲོད་དུ་རིག་ནུས་རོགས་སྐྱོར་ལས་གཞི་ལྔ་དམ་འཛིན་བྱེད་པ་དང་། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཉིས་གཏོང་རྒྱུ་དང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལས་གཞི་བཅུ་གཉིས་ཡོད་པ་དང་། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་དགུ་འབུམ་ལྔ་གཏོང་རྒྱུ། ཐོན་ལས་རོགས་སྐྱོར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་གཞི་བཅུ་གཅིག་ཡོད་པ་དང་། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གཅིག་གཏོང་རྒྱུ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་གཞི་བཅུ་གསུམ་ཡོད་པ་དང་། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་གཏོང་རྒྱུ། རིག་གནས་སློབ་གསོར་རོགས་སྐྱོར་བྱེད་པའི་ལས་གཞི་བཅུ་གཅིག་ཡོད་པ་དང་། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་བཞི་གཏོང་རྒྱུ་རེད།
ལས་གཞི་ཡོད་ཚད་ཁྲོད་དུ་དམངས་ཚིས་རིགས་ཀྱི་ལས་གཞི་ཞེ་བཞི་ཡོད་ལ། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་གསུམ་འབུམ་གཉིས་དང་ཁྲི་གཅིག་གཏོང་བ་དང་། དེས་བསྡུར་ཚད་ཀྱི་བརྒྱ་ཆའི་གྱ་དགུ་ལྷག་ཟིན། གཞི་རིམ་རིགས་ཀྱི་ལས་གཞི་ཞེ་བཞི་ཡོད་ལ། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་གཅིག་འབུམ་བརྒྱད་གཏོང་བ་དང་། དེས་བསྡུར་ཚད་ཀྱི་བརྒྱ་ཆའི་གྱ་དགུ་ལྷག་ཟིན། ལས་གཞི་རིགས་གཉིས་ལ་མ་དངུལ་གཏོང་བའི་བསྡུར་ཚད་ཆ་སྙོམས་སྒོས་ཁ་གཏད་རོགས་སྐྱོར་ཁྲོད་ཀྱི་འབྲེལ་ཡོད་རོགས་སྐྱོར་མ་དངུལ་འགན་སྲུང་བྱེད་པའི་བརྒྱ་ཆའི་བརྒྱད་ཅུ་ཡན་ནས་གཞི་རིམ་ལ་ཁ་ཕྱོགས་པ་དང་དམངས་ཚིས་ལ་ཁ་ཕྱོགས་པའི་རེ་བ་དང་མཐུན།
བཀྲ་ཤིས་འབུམ་གྱིས་བསྒྱུར།