རྨ་ལྷོ་ཁུལ་གྱིས་འགན་སྲུང་གསུམ་དམ་འཛིན་བྱས་ནས་ད་ལོར་འབྲུ་རིགས་ཐོན་སྐྱེད་ཐད་ནས་ལོ་ལེགས་འབྱུང་བར་རྨང་གཞི་བཏིངས།
2023.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཞི་བའི་ཚེས་གཉིས་ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ཀྱི་ཚུན་ལ། རྨ་ལྷོ་ཁུལ་གྱིས་འབྲུ་རིགས་ཐོན་སྐྱེད་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པའི་ཆ་ནས་གོ་གནས་དང་པོར་བཞག་སྟེ། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། དམིགས་འབེན་གཞིར་བཟུང་བ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ས་འགན་སྲུང་དང་གཞི་ཁྱོན་འགན་སྲུང་། ཐོན་ཚད་འགན་སྲུང་བཅས་ཀྱི་བྱ་བ་དམ་འཛིན་བྱས་ནས། དཀའ་སྤྱད་འབད་འཐབ་སྒོས་ད་ལོའི་འབྲུ་རིགས་ཐོན་སྐྱེད་ཐད་ནས་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

ད་ལོར་རྨ་ལྷོ་ཁུལ་གྱིས་འབྲུ་རིགས་བརྟན་འཇགས་དང་སྐེ་ཚེ་གཙོར་འཛིན་པ། ནས་ཐོན་ཚད་འཕར་སྣོན་བྱེད་པ། སྔོ་ཚོད་དམ་འཛིན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། ཞིང་ལས་ལོ་ཏོག་གི་འདེབས་འཛུགས་དམིགས་ཚད་རིམ་པ་བཞིན་དངོས་འབེབས་བྱས་ཤིང་། ལོ་ཧྲིལ་བོའི་ཞིང་ལས་ལོ་ཏོག་འདེབས་པའི་དམིགས་ཚད་སྤྱི་ཆིང་ཁྲི་གཉིས་ལྷག་བཀོད་སྒྲིག་བྱས་པ་དང་། དེའི་ནང་དུ་འབྲུ་རིགས་འདེབས་པའི་དམིགས་ཚད་སྤྱི་ཆིང་སྟོང་བརྒྱད་དང་བརྒྱད་བརྒྱ་བཀོད་སྒྲིག་བྱས་ཡོད་ལ། དཔལ་འབྱོར་ལོ་ཏོག་འདེབས་པའི་དམིགས་ཚད་སྤྱི་ཆིང་ཁྲི་གཅིག་བཀོད་སྒྲིག་བྱས་ཡོད་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་ཆ་སྙོམས་སྒོས་འཕར་སྣོན་བྱུང་ཡོད།

                                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།