ཟླ་བཞི་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་ཁམས་རའི་ས་གཤིས་ལྗོངས་ཁུལ་གྱི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་ཡུལ་སྐོར་ལ་ཞིབ་འཇུག་ཇུས་འགོད་བྱེད་པའི་ཞིབ་བསྡུར་གྲོས་ཚོགས་བསྡུས།
ཞིབ་བསྡུར་གྲོས་ཚོགས་ནས་ཁམས་རའི་ས་གཤིས་ལྗོངས་ཁུལ་གྱི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་། ཡུལ་སྐོར་ཞིབ་འཇུག་དང་ཞིབ་འཇུག་བྱ་འགུལ་ཇི་ལྟར་སྤེལ་བའི་ཕྱོགས་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ལ། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཁམས་རའི་སློབ་ཁྲིད་ལག་ལེན་རྟེན་གཞི་བཙུགས་ཏེ་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།
འཛམ་གླིང་ས་གཤིས་སྤྱི་གླིང་ནི་འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་ནང་གདམ་ཐོན་བྱེད་པའི་སྣ་རྐྱང་དང་གཅིག་གྱུར་གྱི་ས་ཁམས་ཁུལ་ཁོངས་ཞིག་ཡིན་ལ། ཆ་ཚང་བའི་སྲུང་སྐྱོབ་དང་སློབ་གསོ་དང་རྒྱུན་མཐུད་འཕེལ་རྒྱས་གཞུང་ལུགས་ལྟར་དོ་དམ་བྱེད་པའི་རྒྱལ་སྤྱིའི་ས་གཤིས་ཀྱི་དོན་སྙིང་ལྡན་པའི་ཤུལ་རྫས་དང་ལྗོངས་ཁུལ་ཞིག་ཡིན། ཁམས་ར་ཡིས་འཛམ་གླིང་ས་གཤིས་སྤྱི་གླིང་སྙན་ཞུ་བྱེད་པའི་བྱ་བ་ཉིས་སྟོང་ཉི་ཤུ་ལོ་ནས་མགོ་བརྩམས་པ་དང་། ཞིང་ཆེན་སྲིད་གཞུང་དང་། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་འོག ལོ་གསུམ་རིང་གི་གྲ་སྒྲིག་བརྒྱུད་མཐར། ད་ལྟ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་2022དང་2023ལོའི་འཛམ་གླིང་ས་གཤིས་སྤྱི་གླིང་གི་འདེམ་སྒུག་མིང་ཐོའི་ཁྲོད་དུ་ཚུད་ཡོད་ལ། ད་ལོར་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཆེད་མཁས་པས་ཡུལ་དངོས་རྟོག་ཞིབ་དང་དཔྱད་འཇོག་བྱེད་རྒྱུ་རེད།
ཐེངས་འདིར་ཞིབ་བསྡུར་གྲོས་ཚོགས་བསྡུས་པ་ལས། ཁམས་རའི་འཛམ་གླིང་ས་གཤིས་སྤྱི་གླིང་བསྐྲུན་པའི་སྙན་ཞུའི་ལས་དོན་སྤེལ་ན། ཚན་རིག་རྟོག་ཞིབ་དང་ཚན་རྩལ་ཁྱབ་སྤེལ། རིག་གནས་དང་ལྟ་རོལ་བཅས་གཞི་གཅིག་ཅན་གྱི་འཛམ་གླིང་རིམ་པའི་ཡུལ་སྐོར་གནས་མཆོག་སྤྱི་གླིང་བསྐྲུན་པ་དང་། རྨ་ལྷོ་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་སྣང་བརྙན་མཐོར་འདེགས་གཏོང་བ། ས་གནས་ཕྱོགས་བསྡུས་འཕེལ་རྒྱས་སྐུལ་ཁྲིད་བྱེད་པ། ཡུལ་སྐོར་ནང་དོན་དང་སྤུས་ཚད་མཐོ་རུ་གཏོང་བ། ས་གཤིས་སྤྱི་གླིང་བེད་སྤྱད་ནས་ས་གཤིས་ཡུལ་སྐོར་དང་ཚན་རིག་རྟོག་ཞིབ་བྱ་འགུལ་སྤེལ་བ། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཁམས་རའི་འཛམ་གླིང་ས་གཤིས་སྤྱི་གླིང་སྙན་ཞུ་བྱས་པའི་རྗེས་ཀྱི་དཔྱད་འཇོག་ལྟ་ཞིབ་བྱ་བར་རྨང་གཞི་བརྟན་པོ་བཏིངས།
རིག་འཛིན་སྒྲོལ་མས་བསྒྱུར།