རང་ཞིང་གི་ལས་གཞི་ལྔ་རྒྱལ་ཁབ་རིམ་པའི་ལས་གཞི་འཛུགས་སྐྲུན་མིང་ཐོའི་ཁྲོད་ཚུད།
2023.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་པའི་ཚེས་བཞི་ཉིན། 2023ལོའི་རྒྱལ་ཁབ་ཞིང་ལས་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ལས་གཞི་འཛུགས་སྐྲུན་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་ལྔ་དེའི་ཁྲོད་ཚུད།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དེང་རབས་ཞིང་ལས་ཐོན་ལས་ར་བ་དེ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ར་བར་གསར་འཛུགས་བྱ་རྩིས་ཡོད་པའི་མིང་ཐོའི་ཁྲོད་བདམས་པ་དང་། ནས་ཆང་ཐོན་ལས་འདུ་ཚོགས་དེ་དགེ་མཚན་ཁྱད་ལྡན་ཐོན་ལས་འདུ་ཚོགས་སུ་འཛུགས་རྩིས་ཡོད་པའི་མིང་ཐོའི་ཁྲོད་བདམས་ལ། སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཡུལ་ཚོ་དང་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ། གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བཅས་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་དུ་འཛུགས་རྩིས་ཡོད་པའི་མིང་ཐོ་ཁྲོད་ཚུད། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ར་བ་ལྔ་བཙུགས་པ་དང་། དགེ་མཚན་ཁྱད་ལྡན་ཐོན་ལས་འདུ་ཚོགས་བཞི་དང་ཐོན་ལས་སྟོབས་ལྡན་གྲོང་རྡལ་བཅོ་བརྒྱད་བཙུགས།

རྒྱུས་ལོན་བྱུང་བ་ལྟར་ན། འཛུགས་སྐྲུན་བྱེད་རྒྱུའི་ཆོག་མཆན་བཀོད་པའི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ལས་གཞི་ཐད་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་དང་རིགས་བགོས་ནས་བྱ་དགའི་ཁ་གསབ་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ། རང་ཞིང་གིས་ཀྱང་མ་དངུལ་སྔར་ལས་མང་པོ་བཏང་ནས། རིགས་མི་འདྲ་བའི་ཐོན་ཁུངས་རྒྱུ་རྐྱེན་སྣ་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་གྲུབ་ཚུལ་སྔར་ལས་ལུགས་དང་མཐུན་པར་བྱེད་པ། ལས་རྣམ་སྔར་ལས་ཕུན་སུམ་ཚོགས་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་དཔེ་སྟོན་དང་སྣེ་ཁྲིད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།