མཚོ་ནུབ་ཀྱིས་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་ཀྱི་འབྲེལ་མཐུད་ལམ་བུ་རྒྱ་བསྐྱེད་དེ་དངུལ་རྩས་ཁེ་ལས་ལ་རོགས་བྱས་ནས་དཀའ་ཁག་སེལ་བར་ཤུགས་བསྣན།
2023.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། དངུལ་རྩས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པ། དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཟླ་གསུམ་པའི་ཚུན་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བར་གྱི་འབྲེལ་མཐུད་བྱ་འགུལ་སྤེལ་བ་དང་། སྲིད་གཞུང་གིས་སྟེགས་བུ་འཛུགས་པའི་རྣམ་པར་བརྟེན་ནས་དངུལ་རྩ་ལས་ཁུངས་དང་ཁེ་ལས་སོ་སོའི་བར་གྱི་འབྲེལ་མཐུད་ལམ་བུ་རྒྱ་བསྐྱེད་པ་དང་། ཁེ་ལས་ཀྱི་དངུལ་བསྲེས་བྱེད་དཀའ་བའི་གནད་དོན་ཐག་བཅད་དེ། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ནས་མདུན་སྐྱོད་བྱེད་པར་རོགས་འདེགས་བྱས། མིག་སྔའི་བར་དུ། མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་ཁུལ་གྱི་འཐུས་ཚབ་ཁེ་ལས་གྱ་གསུམ་དང་དངུལ་རྩ་ལས་ཁུངས་སོགས་བར་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས་ནས། ཡིད་རྟོན་དངུལ་བུན་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དགུ་བྱེ་བ་བཞི་ས་ཡ་བརྒྱད་ཀྱི་མཉམ་ལས་གྲོས་མཐུན་བཀོད།

ད་ལོར། དཔལ་འབྱོར་གནས་བབ་རིམ་པ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས། མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཐོན་ལས་གཙོ་བོ། ལས་གཞི་གཙོ་བོར་གཙིགས་འཛིན་བྱས་པ་དང་། ཁེ་ལས་འབྲིང་ཆུང་དང་ལྗང་མདོག་འཕེལ་རྒྱས། ཚན་རྩལ་གསར་གཏོད། ནུས་ཁུངས་འགན་སྲུང་སོགས་ལ་དམིགས་ནས། དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱེད་པ་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་བ། དངུལ་བསྲེས་ལམ་བུ་རྒྱ་བསྐྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་འབྲེལ་མཐུད་ཀྱི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། དངུལ་རྩ་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་མཉམ་ཤུགས་གསོག་ཉར་བྱས་ཏེ། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།