ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པའི་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་སྐབས་དགུ་པའི་རྒན་གཞོན་ཚང་མས་ལག་རྡང་མཉམ་དུ་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་ཅེས་པའི་བྱ་འགུལ་སྤེལ་མགོ་བརྩམས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་བྱ་འགུལ་ལ་ཞུགས་ནས་གཏམ་བཤད། རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཆི་ཀྲུང་དང་གོ་རུའུ་ཀྲོ། ཀྲུའུ་རིན་གཞོན་པ་སུའུ་ཉིང་བཅས་མགོ་རྩོམ་པའི་མཛད་སྒོར་ཞུགས།
པད་མས་བསྟན་དོན། རྒན་གཞོན་ཚང་མས་ལག་རྡང་མཉམ་དུ་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་ཅེས་པའི་བྱ་འགུལ་ནི་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་པ་དང་། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཞུགས་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་པ་དང་། རྒྱ་ཆེའི་ལོ་ལོན་རྒན་པ་དང་ན་གཞོན་དག་གིས་རང་ནུས་ཅི་ཡོད་བཏོན་ནས་རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་དོན་དངོས་འགུལ་སྐྱོད་ཡིན་ཟེར།
པད་མས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་སྐྲུན་ལྗང་བསྒྱུར་ནི་དེང་ལ་བྱས་རྗེས་ཆེ་ཞིང་བསྐལ་བ་སྟོང་ལ་ཕན་པའི་བྱ་གཞག་ཅིག་ཡིན་པས། ལོ་རེ་བཞིན་དུ་དང་མི་རབས་རེ་རེ་བཞིན་དུ་འབད་འབུངས་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་ལག་ལེན་དངོས་འབེབས་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པརོ་འཛིན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་གཞིར་བཟུང་ཞིང་། དཀྱིལ་སྙིང་ལ་དམ་པོར་དམིགས་པ་དང་། རང་འགུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེ་ཕྱོགས་སུ་འདྲེས་པར་བྱས་ཏེ་ རྒན་གཞོན་ཚང་མས་ལག་རྡང་མཉམ་དུ་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་སྐད་གྲགས་ཅན་གྱི་བྱ་འགུལ་དེ་ཧུར་ཐག་སྒོས་ཁྱབ་གདལ་དུ་བཏང་སྟེ། ཤུགས་ཆེན་པོ་འདོན་པ་དང་ནན་ཏན་གྱིས་སྤེལ་བ་དང་། རྒན་གཞོན་ཀུན་གྱི་བརྩེ་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྔར་ལས་མང་བའི་མི་དེའི་ནང་ཞུགས་པར་སྐུལ་ཁྲིད་བྱས་ནས། སྐྱེ་ཁམས་དཔལ་ཡོན་མཛེས་སྡུག་ལྡན་པའི་མཛོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་ཟེར།
མཚོ་ཤར་གྲོང་ཁྱེར་དང་མེན་ཧི་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བཟོ་བ་དང་། ལོ་ལོན་རྒན་པ། སློབ་མ། ན་གཞོན་དང་བླངས་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་བསྡོམས་པས་མི་ལྔ་བརྒྱ་ལྷག་སྡོང་འཛུགས་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།