ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཉིས་སྟོང་ཉེར་གསུམ་ལོའི་ལས་གཞི་གལ་ཆེན་གཅིག་བསྡུས་སྒོས་ལས་མགོ་རྩོམ་པ་དང་བསྐྱར་ལས་མཛད་སྒོ་མགོ་ལོག་ཁུལ་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་ཀྱི་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་ནས་བསྡུས། ཉིན་དེར་དམངས་ཚིས་ལེགས་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ། མཁར་གྲོང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བཅས་པའི་བཟོ་སྐྲུན་ལས་གཞི་ཉིས་བརྒྱ་དང་གྱ་བདུན་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱས།
ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། རྨ་སྟོད་རྫོང་དུ་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ས་ཡོམ་བྱུང་རྗེས་ཀྱི་བསྐྱར་འཛུགས་འཆར་འགོད་ལས་གཞི་མཇུག་བསྡུ་བའི་ལོ་ཡང་ཡིན་པས། ད་ལོའི་ལས་གཞིའི་དངུལ་གཏོང་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། མགོ་ལོག་ཁུལ་གྱིས་ཐེངས་འདིའི་གཅིག་བསྡུས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱ་འགུལ་གོ་སྐབས་སུ་བཟུང་སྟེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ས་གནས་ཀྱི་ལས་གཞི་གལ་ཆེན་སྔ་མོ་ནས་ལས་མགོ་རྩོམ་པ་དང་སྔ་མོ་ནས་ལག་བསྟར་བྱེད་པ། སྔ་མོ་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་མགོ་ལོག་ཁུལ་གྱིས་གཅིག་བསྡུས་སྒོས་ལས་མགོ་རྩོམ་པ་དང་བསྐྱར་ལས་བྱེད་པའི་ལས་གཞི་བསྡོམས་པས་ཉིས་བརྒྱ་དང་གྱ་བདུན་ཡོད་པ་དང་། དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་བཞི་གཏོང་བཞིན་ཡོད་ལ། ལས་གཞི་དེ་དམངས་ཚིས་ལེགས་བཅོས་དང་དག་གཙང་ནུས་ཁུངས། སྐྱེ་ཁམས་སྲུང་སྐྱོབ། ཕྱོགས་བསྡུས་འགྲིམ་འགྲུལ། མཁར་གྲོང་རྨང་གཞིའི་སྒྲིག་ཆས། ཆུ་བེད་གལ་ཆེན། ཁོར་ཡུག་བཅོས་སྐྱོང་། ཐོན་ལས་ཚུལ་སྒྱུར་རིམ་འཕར་སོགས་ཁྱབ་ཁོངས་བརྒྱད་དུ་ཁྱབ་ཡོད། ལས་གཞི་དེ་དག་ལག་བསྟར་བྱས་རྗེས། མགོ་ལོག་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་འགུལ་སྒོས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་དུ་ཞུགས་ཤིང་། སྟོབས་ཤུགས་གཅིག་སྒྲིལ་སྒོས་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་། མགྱོགས་མྱུར་སྒོས་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་དེང་རབས་ཅན་གྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་འདོན་ངེས་རེད།
གཞན་ཡང་རྒྱུན་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ལྔ་བའི་ཉེར་གཉིས་ཉིན་ས་ཡོམ་བྱུང་རྗེས་ཀྱི་བསྐྱར་འཛུགས་དང་སླར་གསོ་ལས་གཞི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་མཛད་སྒོ་ཉིན་དེར་བསྡུས་པ་དང་། གཅིག་བསྡུས་སྒོས་ལས་མགོ་རྩོམ་པ་དང་བསྐྱར་ལས་ལས་གཞི་བསྡོམས་པས་བརྒྱ་དང་བཅུ་བཞི་ཡོད་ལ། དེའི་ཐད་ལ་བསྡོམས་པས་མ་དངུལ་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་གཏོང་བཞིན་ཡོད། ལས་གཞི་དེ་དག་དམངས་ཚིས་ལེགས་བཅོས་དང་ཐོན་ལས་རོགས་སྐྱོར། སྤྱི་ཚོགས་ལས་དོན་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་འདུ། ལས་གཞི་དེ་དག་ད་ལོའི་ལོ་མཇུག་གི་སྔོན་ལ་ཚང་མ་ཡོངས་འགྲུབ་བྱེད་ཐུབ།
བཀྲ་ཤིས་འབུམ་གྱིས་བསྒྱུར།