རྨ་ལྷོ་ཁུལ་གྱིས་ད་ལོར་རིགས་ཆེན་པོ་བཅུའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཉི་ཤུ་ལག་བསྟར་བྱེད་རྒྱུ་རེད།
2023.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ད་ལོར་རིགས་ཆེན་པོ་བཅུའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཉི་ཤུ་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཤིང་། དམངས་ཚིས་བཟོ་སྐྲུན་གསར་བ་འཛུགས་སྐྲུན་བྱས་པ་བརྒྱུད་དེ་སྤྱི་ཐུན་ཞབས་ཞུའི་འཇུག་རུང་རང་བཞིན་དང་ཆ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་གང་མང་གིས་མི་དམངས་མང་ཚོགས་ཡོངས་ལ་ཁེ་ཕན་བསྐྲུན་ནས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་སྐྱིད་སྣང་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ། བདེ་ཚོར་ལ་སྔར་ལས་འགན་སྲུང་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།

རྨ་ལྷོ་ཁུལ་གྱིས་ཐེངས་འདིར་གཏན་འཁེལ་བྱས་པའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ནང་དུ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། སྡོད་ཁང་འགན་སྲུང་བྱེད་པ། སེམས་ཁུར་དང་རོགས་སྐྱོར་བྱེད་པ། ཕྱོགས་བསྡུས་སྒྲིག་ཆས། སྐྱེ་ཁམས་གྲོན་ནུས། རིག་གནས་དམངས་ཕན། འགྲིམ་འགྲུལ་དངོས་རྒྱུག་སོགས་རིགས་ཆེན་བཅུ་འདུ་བ་དང་། བསྡོམས་པས་བྱེ་བྲག་གི་དམངས་ཚིས་ལས་གཞི་ཉི་ཤུ་འཆར་འགོད་བྱས་ཡོད།

ད་ལོར་རྨ་ལྷོ་ཁུལ་གྱིས་ནུས་ལྡན་སྒོས་ངལ་རྩོལ་འབྲེལ་མཐུད་སྟེགས་བུ་བཙུགས་ཏེ། ལས་ཞུགས་ལས་གནས་ཉུང་མཐར་ཡང་སྟོང་གཉིས་འདོན་སྤྲོད་བྱེད་པ་དང་། རྒྱུན་མཐུད་སྒོས་ལས་རིགས་རྩལ་ནུས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ནས། མཁར་གྲོང་དུ་མི་སྟོང་གཅིག་དང་བཞི་བརྒྱ་ལས་ཞུགས་བྱེད་པ་དང་རོང་འབྲོག་ཁུལ་དུ་ངལ་རྩོལ་པ་མི་ཐེངས་ཁྲི་གཉིས་ལས་ཞུགས་བྱེད་པ་འགན་སྲུང་བྱེད་རྒྱུ་རེད། དེ་དང་མཉམ་དུ་རོང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ཁྱིམ་ཚང་སྟོང་ལྔ་དང་བདུན་བརྒྱ་ཞེ་ལྔ་ལག་བསྟར་བྱེད་པ་དང་། མཛེས་པའི་གྲོང་གསེབ་ཉི་ཤུ་འཛུགས་སྐྲུན་བྱེད་རྒྱུ་རེད།

                                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།