རང་ཞིང་གིས་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་འབེན་ས་ཆའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ།
2023.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ། སྟོབས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་འབེན་ས་ཆའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས།

ཇུས་གཞི་ཡིས་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་མཛེས་ལྗོངས། ས་ཁོངས་རིག་གནས་སྲུང་སྐྱོབ་བྱེད་པ་སྔོན་འགྲོ་དུ་བྱས་ནས། སྐྱེ་ཁམས་མཚོ་སྔོན་པོ་འཛུགས་སྐྲུན་བྱས་པ་དང་། གཤེར་གཟུགས་དང་མཁའ་དབུགས། མཛེས་ལྗོངས་ཀྱི་ཁོར་ཡུག་བཅས་ཀྱི་སྤུས་ཚད་སྲུང་སྐྱོབ་བྱས། མཚེའུའི་ཁུལ་གྱི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་དང་སླར་གསོ་ལ་སྐུལ་འདེད་བཏང་བ་དང་། བྱ་རིགས་དང་ཉ་རིགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སྒྱུར་བྱས་ལ། མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་གི་སྤུས་ཚད་མཐོར་འདེགས་སུ་བཏང་བ་དང་། བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་ཇེ་ཆེར་འགྲོ་བར་བཀག་འགོག་བྱས་ཤིང་། མཚོ་སྐོར་ས་ཁུལ་གྱི་བརླན་སའི་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་། ཁྱད་ལྡན་ལྟ་སྐོར་དང་རིག་གནས་མྱོང་ཚོར། སྐྱེ་ཁམས་བག་ཕེབས། སྒོ་ཕྱིའི་ལུས་རྩལ་སོགས་ཀྱི་རྩོལ་ནུས་ལྡན་པའི་མཐོ་སྒང་གི་མཚེའུའི་སྐྱེ་ཁམས་ཡུལ་སྐོར་ས་ཆ་འཛུགས་སྐྲུན་བྱས་ལ། དུས་ཚིགས་ཧྲིལ་བོ་དང་ཁོངས་ཡོངས། དུས་ཚོད་ཧྲིལ་བོའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པ་དང་། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་ཚོང་རྟགས་རྒྱལ་ཡོངས་ནས་མིང་དུ་གྲགས་པ་དང་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཡུལ་སྐོར་གྱི་སྟོབས་ལྡན་ཞིང་ཆེན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱས།

ཇུས་གཞི་ལྟར། རང་ཞིང་གིས་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ད་ཡོད་ཀྱི་ཐོན་ཁུངས་མཉམ་བསྲེས་བྱེད་རྒྱུ་རེད། ལྗོངས་རྒྱུ་ཁུལ་གཞི་གཅིག་ཅན་དང་དོ་དམ་གཞི་གཅིག་ཅན། འཛུགས་སྐྲུན་གཞི་གཅིག་ཅན། འཁོར་རྒྱུག་གཞི་གཅིག་ཅན་གྱི་དམིགས་འབེན་ལྟར། གཅིག་གྱུར་སྒོས་འཆར་འགོད་དང་གཅིག་གྱུར་སྒོས་ཚད་ལྡན་དུ་བསྒྱུར་བ། གཅིག་གྱུར་སྒོས་ཚོང་གཉེར་བྱས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་རེ་བ་ལྟར་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་ཚད་ལྡན་ཅན་དུ་བསྒྱུར་བའི་ཚོད་ལྟ་ལག་བསྟར་བྱས་པ་དང་། རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱས། འཛུགས་སྐྲུན་དམིགས་འབེན་གྲངས་སྒྱུར་དང་གདེང་འཇོག་མ་ལག་གཏན་ཁེལ་གསལ་བོ་བྱས་པ་དང་། སྐུ་མགྲོན་ཡིད་ཚིམ་པའི་བརྟག་བཤེར་རྐྱེན་སྲོལ་དང་ཕྱོགས་གསུམ་པའི་གདེང་འཇོག་རྐྱེན་སྲོལ་དང་ཞིབ་དཔྱད་ལྟ་སྐུལ་གྱི་ཆད་གཅོད་བྱ་དགའི་རྐྱེན་སྲོལ་བཙུགས་ལ། རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་བྱས་པའི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས།

དེ་དང་མཉམ་དུ། སྐྱེ་ཁམས་ཡུལ་སྐོར་གྱི་དམངས་ཕན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ་དང་། སྔར་ལས་མང་བའི་སྐྱེ་ཁམས་ཡུལ་སྐོར་གྱི་དམངས་ཕན་ཐོན་རྫས་དང་གཟིགས་སྐྱོང་བྱེད་ཐབས་ཕྱིར་བཏོན་ལ། སྐྱེ་ཁམས་ཡུལ་སྐོར་གྱི་དམངས་བདེ་སྒྲིག་ཆས་མོད་པོ་འདོན་སྤྲོད་བྱས། ཚན་རིག་དང་མཐུན་པའི་རིགས་སྒྲུབ་བརྒྱུད་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་སྤྱི་གླིང་ཆེན་མོ། སྲུང་སྐྱོབ་ཆེན་མོ། ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་བདག་གཉེར་གྱི་དོ་དམ་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་བྱས། རིག་སྟོབས་ཡུལ་སྐོར་གྱི་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། ཆ་འཕྲིན་མཉམ་འབྲེལ་ཁྱབ་བསྒྲགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། གཞི་གྲངས་མཉམ་འབྲེལ་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས་པ་དང་། ཡུལ་སྐོར་བདེ་འཇགས་ཀྱི་ཉེན་བརྡའི་ཞབས་ཞུ་འདོན་སྤྲོད་བྱས། སྐྱེ་ཁམས་གནས་སྐོར་གྱི་ལྗང་མདོག་ཐོན་རྫས་ངོས་ལེན་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྐྱེ་ཁམས་གནས་སྐོར་ཐོན་རྫས་ཀྱི་བདེ་འཇགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་བསྣན་ལ། ཚན་རྩལ་ཞིབ་སྤེལ་ཐད་ཀྱི་དངུལ་གཏོང་ཚད་ཆེར་བཏང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལག་རྩལ་ལེགས་བསྡུས་བེད་སྤྱོད་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། གནས་སྐོར་ཐོན་རྫས་ཀྱི་ཟུར་སྣོན་རིན་གྲངས་མཐོར་འདེགས་སུ་བཏང་།

དེ་ལས་གཞན། མཚོ་སྔོན་པོའི་ཡུལ་སྐོར་གྱི་ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གནས་སྐོར་ཐོན་ལས་ཐད་ཀྱི་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་བའི་འགུལ་སྐྱོད་སྤེལ་ནས། སྐྱེ་ཁམས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་ཐཱན་སྙོམས་སྦྱོར་བྱ་བར་སྐུལ་འདེད་གཏོང་རྒྱུ་རེད། སྐྱེ་ཁམས་ཡུལ་སྐོར་གྱི་ཉེན་སྲུང་མ་ལག་དང་འཕྲལ་བསྟུན་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བདེ་སྐྱོང་འགོག་སྡོམ་མ་ལག་གསར་གཏོད་བྱེད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་འཕྲལ་བསྟུན་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། སྐུ་མགྲོན་ཚོར་བདེ་འཇགས་ཡུལ་སྐོར་གྱི་ཁོར་ཡུག་བསྐྲུན་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།