མཚོ་བྱང་ཁུལ་གྱིས་ཉིས་སྟོང་ཉེར་གསུམ་ལོའི་ཆུ་བེད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་གཅིག་བསྡུས་སྒོས་བསྐྱར་ལས་བྱེད་མགོ་བརྩམས།
2023.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཞི་པའི་ཚེས་བཅུ་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཉིས་སྟོང་ཉེར་གསུམ་ལོའི་ཆུ་བེད་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་དེ་ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཞ་པ་ཐེ་གྲོག་ཤུར་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ལས་ཡུལ་དུ་བསྐྱར་ལས་མཛད་སྒོ་སྤེལ། མིན་ཡོན་རྫོང་དང་། མདོ་ལ་རྫོང་། རྐང་ཚ་རྫོང་བཅས་སུ་གཙོ་གནད་ཆུ་བེད་རྣམ་གྲངས་དུས་མཉམ་དུ་བསྐྱར་ལས་བྱེད་མགོ་བརྩམས།

རྒྱུས་ལོན་པ་ལྟར་ན། མཚོ་བྱང་ཁུལ་གྱིས་གཅིག་བསྡུས་བསྐྱར་ལས་བྱེད་མགོ་བརྩམས་པའི་གཙོ་གནད་ཆུ་བེད་རྣམ་གྲངས་བདུན་དང་། མཆན་བཀོད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་དགུ་ཡོད།  ཉིས་སྟོང་ཉེར་གསུམ་ལོའི་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་གཏང་རྩིས་ཡོད་ལ། གསར་དུ་ལས་མགོ་བརྩམས་པའི་རྣམ་གྲངས་གསུམ་དང་བསྐྱར་ལས་རྣམ་གྲངས་བཞི། ཆུ་འདོན་འགན་སྲུང་ཀྱང་དེའི་ནང་འདུ་བར་བྱས་ཡོད། བཞུར་རྒྱུན་གཙོ་བོ་དང་། གཙང་བོ་འབྲིང་ཆུང་། གྲོང་གསེབ་གྲོག་ཤུར་བཅོས་སྐྱོང་། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་དང་ཞིང་ཆུ་གཏོང་སའི་ཆུ་བེད་རྐང་འཛིན་སྒྲིག་ཆས་ཞིག་གསོ་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ཀྱང་ཡོད། རྣམ་གྲངས་ལག་བསྟར་བྱས་ཏེ་མི་གྲངས་འབུམ་གཅིག་ཁྲི་གསུམ་སྟོང་བདུན་ལྔ་བརྒྱ་དང་། ཕྱུགས་ཟོག་འབུམ་བཞི་ཁྲི་གཉིས་སྟོང་བརྒྱད་བདུན་བརྒྱའི་འཐུང་ཆུའི་ཆུ་ཚད་ཇེ་མཐོ་རུ་གཏོང་བ་དང་། སུ་མུའུ་ཁྲི་གཉིས་སྟོང་བཞི་ཡི་ཞིང་ཆུ་འདྲེན་སའི་རྒྱ་ཁྱོན་ལེགས་བཅོས་བྱེད་རྒྱུ་རེད། གཙང་འགྲམ་གྱི་མི་འབོར་དང་། རྩྭ་ར། ནགས་ར། ཞིང་ས་དང་། གཞུང་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཆུ་ལོག་སྔོན་འགོག་བདེ་འཇགས་སོགས་ལ་འགན་སྲུང་ནུས་ལྡན་བྱེད་པ་དང་། གཙང་འགྲམ་གྱི་ཆུ་ལོག་གནོད་འཚེའི་གྱོང་གུད་ཇེ་ཉུང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ས་ཆུ་ཤོར་བར་སྔོན་འགོག་བྱས་ཏེ། ས་ཁུལ་གྱི་དཔལ་འབྱོར་དང་གྲོང་གསེབ་དར་སྤེལ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བཟོ་སྐྲུན་ལས་གཞིའི་འཕེལ་རིམ་ལ་ཁག་ཐེག་དང་། ལས་གཞིའི་སྤུས་ཚད་དང་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། ཁུལ་དང་རྫོང་གི་ཆུ་བེད་སྡེ་ཁག་གི་རྣམ་གྲངས་ཁྲིམས་མིའི་འཛུགས་སྐྲུན་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། ས་གནས་སྲིང་གཞུང་གི་ཁོངས་གཏོགས་དོ་དམ་འགན་འཁྲི་དང་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་མཛུབ་སྟོན་འགན་འཁྲི་དངོས་འབེབས་བྱས་ཏེ། བྱ་བ་གཙོ་བོའི་གོ་རིམ་དང་འགན་སྲུང་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ཡོད། བདེ་འཇགས་ཐོན་སྐྱེད་བྱེད་པར། མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཚད་མཐའི་བསམ་བློ་དང་། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བསྐྱར་ལས་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་པ་དང་།  བསྐྱར་ལས་བསྐྱར་ཐོན་སྔོན་གྱི་ཉེན་ཁ་དང་འགོག་རྐྱེན་ཞིབ་བཤེར་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད། བཟོ་སྐྲུན་སྤུས་ཚད་འགན་སྲུང་བྱེད་པར། བཟོ་སྐྲུན་སྤུས་ཚད་ཀྱི་ཚེ་གང་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་པ་དང་། སྤུས་ཚད་དོ་དམ་ལས་གནས་ཀྱི་འགན་འཁྲི་འཐུས་ཚང་དུ་གཏོང་བ། བཟོ་སྐྲུན་སྤུས་ཚད་ཀྱི་བརྒྱུད་རིམ་ཧྲིལ་བོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ནས། སྤུས་ཚད་ཀྱི་དོན་རྐྱེན་ཆེན་པོ་འབྱུང་བར་སྔོན་འགོག་ནུས་ལྡན་བྱེད་རྒྱུ་རེད།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།